བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་བྷ་ས་ཝ་ར་ཅ་ཤཱ་ཝ་ལིངྒ་པ་ཧོ་རཱ་ཏི་(Basavaraj Shivalingappa Horatti) མཆོག་ལྷན་མཇལ་འཕྲད་གནང་ཡོད།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༧ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་བྷ་ས་ཝ་ར་ཅ་ (Basavaraj Shivalingappa Horatti) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།

དེ་ཡང་ཐོག་མར་མཇལ་འཕྲད་སྐབས་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་སྲོལ་རྒྱུན་ལུགས་སྲོལ་གྱིས་ལྷོ་ཕྱོགས་ཀྱི་ཞྭ་མོ་དང་། མེ་ཏོག་གི་ཕྲེང་བ། རས་གཟན། མེ་ཏོག་གི་ཆུན་པོ་བཅས་སྒྲོན་འབུལ་གནང་། དེ་རྗེས་ཚོགས་གཙོ་མཆོག་ནས་ཁ་བཏགས་སྒྲོན་འབུལ་དང་སྟོན་པའི་སྐུ་བརྙན་སོགས་ཕྱག་རྟགས་ཕུལ།

དེ་རྗེས་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་དྲུང་ནས་ལས་རིམ་ངོ་སྤྲོད་གནང་བ་དང་། མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཆོག་ནས་དགའ་བསུའི་གསུང་བཤད་གནང་བར་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་འདིར་ཕེབས་ནས་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཚུལ་དང་། ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་པ་མང་པོ་གཞིས་ཆགས་ཡོད་པའི་སྐོར་ནས་ང་ཚོར་ཕན་ཚུན་འབྲེལ་ལམ་དང་བོད་པའི་གནས་སྟངས་སྐོར་ཤེས་རྟོགས་ཡོང་བཞིན་ཡོད། ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་ལས་དོན་གནང་ཕྱོགས་དང་འཐུས་མི་གྲངས་འབོར་བཅས་ངོ་སྤྲོད་གནང་།

དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་དེ་རིང་མཇལ་འཕྲད་ཀྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་གནང་བ་དང་། ཀར་ན་ཊ་ཀ་མངའ་སྡེ་ནི་བོད་མིར་དམིགས་བསལ་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་ནས་བོད་ས་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་དང་ལྷན་དུ་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སྐབས་དེའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇ་ལིངྒ་པ་Nijalingappa དམ་པ་མཆོག་གིས་བོད་མིར་གཞིས་ཆགས་ལེན་རྒྱུའི་ཞལ་བཞེས་བཟང་པོ་བྱུང་བ་བཞིན་རིམ་པས་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་མི་གཞིས་ཆགས་ཁག་དང་། དགོན་སྡེ་ཁ་དང་། སློབ་གྲྭ་ཁག་གསར་འཛུགས་ཐུབ་པ་བྱུང་བ་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མིའི་རྩ་དོན་འཐབ་རྩོད་ཐོག་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་གོ་སྐབས་འདིར་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་ནས་བོད་མིར་མཐུན་འགྱུར་དང་བོད་ཀྱི་འཐབ་རྩོད་ཐོག་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་ན་གང་ལེགས་ཡོང་རྒྱུའི་རེ་སྐུལ་བཅས་ཞུས་གནང་ཡོད།

དེ་རྗེས་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ལ་དྲི་བ་དྲིས་ལན་གནང་ཟིན་རྗེས་གྲོས་ཚོགས་གོང་མར་གཟིགས་སྐོར་ལྷན་བཅར་གྱིས་ངོ་སྤྲོད་གནང་བས་ཕན་ཚུན་ཆེ་མཐོང་ཆེན་པོ་གནང་སོང་བ་དང་། ལས་རིམ་གྲུབ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་གཟིགས་སྐོར་ཕེབས་ཏེ་རྒྱུས་ལོན་གནང་བ་སོགས་ལས་དོན་རྣམས་གང་ལེགས་བྱུང་སོང་།

དེ་རྗེས་ལྷོ་སྤྱི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་ལྷན་མཇལ་མོལ་གྱིས་བོད་ཀྱི་ཁོར་ཡུག་སྐོར་སོགས་བོད་དོན་ངོ་སྤྲོད་དང་དྲི་བ་དྲིས་ལན། བོད་དོན་གོ་རྟོགས་སྤེལ་ཕྱོགས་སོགས་ལ་གོ་བསྡུར་གནང་ཡོད་པ་བཅས། གོང་གསལ་ལས་རིམ་ཁག་ལ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་ལྷན་བཅར་ཞུས་ཡོད།