བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྔ་བཅུའི་དུས་སྟོན་ཐོག་གསུང་བཤད་གནང་བ།

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ད་བར་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན།  གཙུག་ལག་སློབ་ཁང་འདིས་བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཇི་ཙམ་བཞག་ཡོད་མེད་དང་། འབྱུང་འགྱུར་དུས་སྐབས་སུ་བསམ་བློ་གསར་པ་འཛིན་ནས་འགྲོ་ཐུབ་བཞིན་ཡོད་པ་ནི་ཉིན་གཉིས་གོང་རྒྱལ་སྤྱིའི་སེམས་དང་སེམས་ཀྱི་བྱེད་ལས་སྐོར་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་སྨྲ་བ་དང་། དེང་དུས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་གཟབ་རྒྱས་ངང་བསྐོང་ཚོགས་གནང་བ་མ་ཟད།

དེ་རིང་འདིར་ལྔ་བཅུའི་དུས་སྟོན་གྱི་མཛད་སྒོ་འདིའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པ་འདིའི་ཐོག་ནས་གསལ་པོར་མཚོན་ཐུབ།  དེར་བརྟེན་ལྔ་བཅུའི་དུས་སྟོན་མཛད་སྒོ་གོ་སྒྲིག་གནང་མཁན་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་གཙོས་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བའི་གནས་སྟངས་འོག་ནས་ལོ་ངོ་ ༦༠ ཙམ་ཕྱིན་པའི་སྐབས་འདིར་ཕྱི་མིག་ཞིག་བལྟ་སྐབས་ཕྱོགས་གཅིག་ནས་ང་ཚོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ལ་མང་གཙོའི་ལམ་སྲོལ་ཐོག་བྱས་རྗེས་རླབས་ཆེན་བཞག་ཐུབ་པ་དང་། དེ་བཞིན་བོད་ཀྱི་ཆབ་སྲིད་རང་དབང་སླར་གསོའི་འཐབ་རྩོད་ཀྱི་ཐོག་ལ་ཨ་རིའི་སྲིད་འཛིན་གྱིས་གཙོས་གྲོས་ཚོགས་དང་། ཡོ་རོབ་མཐུན་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་བཞིན་པ། ལྷག་པར་དེང་སྐབས་སུ་རྒྱ་ནག་རང་གི་ནང་དུ་རྒྱ་མི་རིགས་མང་པོ་ཞིག་གིས་ང་ཚོའི་འཐབ་རྩོད་ཐོག་ལ་རྒྱབ་སྐྱོར་དང་། རྒྱ་རིགས་གཞན་ཚོར་འགྲེལ་བཤད་གནང་ཐུབ་པ་དེ་དག་བླ་ན་མེད་པའི་བྱས་རྗེས་གཅིག་རེད།

བོད་ནང་དུས་འགྱུར་ཚབས་ཆེ་འབྱུང་སྐབས་བོད་ཀྱི་རིག་གཞུང་གི་བསྟི་གནས་ཁང་གཙོ་བོ་དགོན་སྡེ་ཁག་ཆགས་ཡོད། དགོན་སྡེ་ཁག་ ༦༠༠༠ ཙམ་གཏོར་བཤིག་བཏང་བ་རེད། སྐབས་དེར་ཤེས་ཡོན་ཅན་མང་པོ་ཞིག་ཀྱང་དམར་གསོད་བཏང་བ་དེ་འདྲ་བྱུང་ཡོད་ཀྱང་བཙན་བྱོལ་ནང་དུ་རྒྱ་གར་གཞུང་དང་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྟོབས་ཞུམ་མེད་ཐོག་སྐུ་ངལ་མཛད་པའི་ཉེར་ལེན་ལ་བརྟེན་ད་ཆ་ང་ཚོས་ཕྱི་མིག་ཞིག་བལྟ་སྐབས་ནང་དོན་རིག་པས་མཚོན་བོད་ཀྱི་ཐུན་མིན་རིག་གནས་མང་པོ་ཞིག་སླར་གསོ་མཛད་ཐུབ་པ་འདི་ནི་རླབས་ཆེན་གྱི་མཛད་རྗེས་དང་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད་འདུག་བསམས་པའི་ངེས་པ་ལྷག་པར་སྐྱེ་བཞིན་འདུག

དེའི་ནང་ནས་ཝཱ་ཎ་གཙུག་ལག་སློབ་ཁང་འདིའི་ཐོག་ནས་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཐུབ་པ་དེར་ངོས་འཛིན་གསལ་པོ་ཞུ་ཐུབ་བཞིན་འདུག ཕྱོགས་མཚུངས་གཙུག་ལག་སློབ་ཁང་འདི་ནས་ཐོན་པའི་སློབ་ཟུར་རྣམ་པ་བོད་མིའི་སྒྲིག་འཛུགས་ནང་ཞབས་འདེགས་ཞུ་རྒྱུས་མཚོན་ཤེས་ཡོན་སྡེ་ཚན་ཐོག་ལ་ཞབས་འདེགས་རྒྱ་ཆེ་ཞུས་དང་ཞུ་བཞིན་ཡོད་པ་མ་ཟད། དེ་བཞིན་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐོག་ཞབས་འདེགས་ཞུ་རྒྱུ་བཅས་གཟེངས་སུ་ཐོན་པའི་གྲུབ་འབྲས་མཇལ་རྒྱུ་ཡོད་པ་འདི་རེད།  སྐབས་དེ་དུས་འགན་ཁུར་བཞེས་མཁན་སྤྱི་དང་། ལྷག་པར་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།  ཞེས་སོགས་ཀྱི་གསུང་བཤད་གནང་།

Menu