བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཨ་རི་ནས་ཕེབས་པའི་སྨན་པ་གསུམ་མཇལ་འཕྲད་གནང་བ།

img14

ཨ་རི་ན་ཡིན་པའི་ Dr Richard Chisson ལགས་དང་། Dr Zorba Paster,ལགས། Dr Kunchok Dorjee ལགས་བཅས་གསུམ་འདི་ག་བཞུགས་སྒར་ཁུལ་གྱི་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ཊི་བི་སྔོན་འགོག་གི་ལས་འཆར་ཐོག་ཕྱི་ལོ་ ༢༠༡༦ ཟླ་བ་ ༡༢ ཚེས་ ༥ སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་བ་དང་། དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་ཀྱི་མི་འབོར་སྐོར་དང་། བོད་མིའི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་སོགས་ཀྱི་བརྗོད་གཞི་ཐོག་ཕན་ཚུན་བཀའ་བསྡུར་གནང་ཡོད་པ་རེད། ལྷག་པར་དུ་ Dr Richard Chisson ལགས་དང་། Dr Zorba Paster, ཁོང་རྣམ་གཉིས་ནས་ཊི་བི་ནད་གཞི་སྔོན་འགོག་ཐོག་སྤྱི་ལྷན་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་སློབ་གྲྭ་ཁག་ཏུ་ཊི་བི་སྔོན་འགོག་གི་ལས་འཆར་སྒྲིགས་རྒྱུའི་སྐོར་བཀའ་བསྡུར་གནང་བ་དང་། ཁོང་རྣམ་གཉིས་ནི་ཊི་བི་སྔོན་འགོག་གི་ཐོག་ཕྱག་ལས་ལོ་ ༡༠ ལྷག་གནང་མྱོང་མཁན་ཡིན་པ་དང་། མཇུག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁོང་རྣམ་གཉིས་ལ་རང་རེའི་སྤྱི་ཚོགས་ནང་ཊི་བི་སྔོན་འགོག་ཐོག་སེམས་ཁུར་དང་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སྟེ། སྤྱི་ལྷན་གྱི་ཕྱག་རྟགས་ཕུལ་ནས་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་ཕེབས་གནང་ཡོད་པའི་གནས་ཚུལ་དུ།།

img20161205091521

Menu