བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ།

སྐུ་ཞབས་ཨེ་ལོ་ཡིཌ་ཨེན་ཇེལ་ ( Eliot Engel ) མཆོག

༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གཞུང་དོན་ཕྱོགས་བསྐྱོད་ལེགས་གྲུབ་འདུག  དེ་ཡང་གཞུང་འབྲེལ་ཕྱོགས་བསྐྱོད་ཉིན་མཐའ་མའི་སྐབས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་།  མང་གཙོ་ཚོགས་པའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེ་ལོ་ཡིཌ་ཨེན་ཇེལ་ Eliot Engel མཆོག་དང་།  གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་སེན་སེན་བྷྲེ་ནར་ Jim Sensenbrenner མཆོག  དེ་བཞིན་གྲོས་ཚོགས་ཀྱི་དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Steve Chabot མཆོག་བཅས་ཀྱི་ལས་ཁུངས་སུ་བཅར་ནས་མཇལ་འཕྲད་གནང་འདུག

སྐུ་ཞབས་ཇིམ་སེན་སེན་བྷྲེ་ནར་ ( Jim Sensenbrenner ) མཆོག

མཇལ་འཕྲད་སྐབས་ཚོགས་གཙོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད།  བོད་ཀྱི་ཁོར་ཡུག་དང་བོད་མིའི་ཐུན་མིན་རིག་གཞུང་དང་བཅས་པ་རྩ་མེད་དུ་བཏང་དང་གཏོང་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་སྐོར་གསལ་བཤད་དང་སྦྲགས་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས།

རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་གནང་ཐབས་གནང་རོགས།  ཞེས་འབོད་སྐུལ་ཤུགས་ཆེ་ཞུས་གནང་ཡོད་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་།  ཚེ་རིང་བཀྲ་ཤིས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།

སྐུ་ཞབས་ (Steve Chabot) མཆོག