དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སོག་པོའི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་ཞུས་པ།


༄༅། །ཉེ་ལམ་སོག་པའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཁལྟ་མ་བྷ་ཊུལ་ག་ Khaltmaa Battulga མཆོག་ལ་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ལ་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་དེར་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། བོད་སོག་གཉིས་ནི་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དེ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད།

སོག་པོའི་ཡུལ་འདི་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་ཙམ་དུ་མ་ཟད། ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་རྒྱལ་ཁབ་ཁོ་ན་ཡིན། ལྷག་པར་༸གོང་ས་མཆོག་གིས་གཙོས་ནང་པའི་བླ་ཆེན་མང་པོ་ཞིག་སོག་ཡུལ་དུ་ཡང་ཡང་གདན་འདྲེན་ཞུས་ནས་བཀའ་ཆོས་སོགས་ཆོས་འབྲེལ་ལན་མང་ཞུས་མྱོང་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་སླར་ཡང་འཚམས་འདྲི་དང་སྦྲགས་སྐུ་ཉིད་ཀྱི་ལས་དོན་མཐའ་དག་ལ་བྱ་བ་ལམ་ལྷོང་ཡོང་བ་དང་། ལྷག་པར་དཀའ་ངལ་རྣམས་ལས་རྣམ་པར་རྒྱལ་ནས་བོད་སོག་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་འདི་གཞི་རྩར་བཟུང་བ་བརྒྱུད། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་རེ་བ་ཞུ་བཞིན་ཡོད།

སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་སོག་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གོང་ནས་གོང་དུ་འགྲོ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

Click Here Congratulatory Letter

Menu