བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཊི་སིར་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག

༄༅།ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ཚེས་ ༡༠ ཉིན་མི་ནི་སོ་ཊ་ནས་ཐོན་ཏེ་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཊི་སིར་འབྱོར་གནང་ཡོད་པ་དང་། ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Diane Feinstein དང་། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Amy Klobuchar མཆོག་དང་ Tina Smith མཆོག་བཅས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་ཆབ་སྲིད་སློབ་སྟོན་པ་རྣམས་མཇལ་འཕྲད་ཞུས་གནང་སྟེ་སྤྱིར་བོད་ནང་ཛ་དྲག་གི་གནས་སྟངས་དང་། སྐུ་ལུས་མེར་སྲེག་གི་གནས་སྟངས། ཆབ་སྲིད་བཙོན་པ་ཆུང་སྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་དང་བཀྲིས་དབང་ཕྱུག་ལགས་བཅས་ཀྱི་གནད་དོན་དང་། ལྷག་དོན་དུ་བཀའ་ཤག་ནས་སྔ་ཕྱི་གསུངས་གནང་བ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ནང་གནས་གཟིགས་ཞབས་སོར་འཁོད་ཐུབ་པ་སོགས་ཀྱི་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་འདུག
ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་ནག་ཐོག་ཨ་རིའི་གྲོས་ཚོགས་ཀྱི་འཛིན་སྐྱོང་ཚོགས་ཆུང་ (Congressional Executive Commission on China) གི་སྲིད་བྱུས་འགན་འཛིན་ Scott Flipse མཆོག་དང་། བོད་དོན་ཉམས་་ཞིབ་པ་ John Lindblom ལགས་གཉིས་མཇལ་འཕྲད་ཀྱིས་ཨ་རིའི་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་རྒྱ་ནག་ཐོག་སྲིད་བྱུས་འཛིན་ཕྱོགས་སོགས་ཀྱི་སྐོར་གླེང་སློང་ཞུས་གནང་ཡོད་པ་དང་།
དེ་རྗེས་ཨ་རིའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་བཞུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཟུར་མཇལ་སྐབས་ཁོང་ནི་བོད་ཀྱི་གྲོགས་པོ་ངོ་མ་ཡིན་པ་དང། བོད་དོན་ཐོག་ཡུན་རིང་སྐུ་ལས་གནང་བར་བཀྲིན་བླ་མེད་དུ་ཆེ་ཞུས་པ་དང་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག སྐབས་དེར་མཛད་སྒོའི་ཐོག་ཨ་རིའི་གཞུང་མང་་གཉིས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀྲིན་བླ་མེད་དུ་ཆེ་ཞུས་པ་དང་། ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་ནས་བོད་དོན་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གནང་ཡོང་བ་དང་རྒྱ་ནག་གི་དཔོན་རིགས་རྣམས་མཇལ་འཕྲད་སྐབས་ངེས་པར་དུ་བོད་དོན་གླེང་དགོས་པའི་སྐྱར་ནན་དང་དེ་བཞིན། བོད་ནང་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དཀའ་རྙོག་སེལ་སླད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་དང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གྱར་ནས་ལོ་ངོ་ཧྲིལ་པོ་ ༦༠ འཁོར་བ་ནི་རང་བཞིན་གྱི་ཡིད་སྐྱོའི་གནས་ཚུལ་ཡིན་པ་དང་ང་ཚོ་བོད་མིའི་རེ་བ་ལ་ཁོང་སྐུ་འཚོ་བཞུགས་སྐབས་ཕ་ཡུལ་ལ་ལོག་ཐུབ་པ་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་པའི་གནས་ཚུལ་དུ།

Menu