༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༩ ནས་ ༢༨ ཉིན་བར་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དང་། བཀྲ་ཤིས་དཔལ་འཁྱིལ། གློ་སྒྲིག་བྱམས་པ་གླིང་བཅས་དང་ཁྱབ་ཁོངས་མ་ནང་དང་། ནུབ་རི། གློ་ཚེ་རོགས་དང་གློ་སྨན་ཐང་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ་ལེགས་གྲུབ་བྱུང་སྟེ་ཕྱིར་བཞུགས་སྒར་དུ་བདེ་འབྱོར་བྱུང་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༩ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་ལྡི་ལི་ནས་མཁའ་ལམ་བརྒྱུད་བྷག་ཌོ་ར་ (Bagdogra) དང་། ཉིན་རྒྱབ་བྷ་ཌར་པུར་ (Bharatpur) བརྒྱུད་ནས་ཕྱི་དྲོ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཕེབས་འབྱོར་བྱུང་ཡོད། ཕྱི་ཚེས་ ༡༡ ཉིན་གྱི་ཐོ་རངས་ཀ་ཐ་མན་གྲུ་ནས་རླངས་འཁོར་བརྒྱུད་མ་ནང་ཕྱོགས་སུ་ཕེབས་ཐོན་གནང་སྟེ། ཌམ་རའེ་ (Dumre) ས་གནས་སུ་བལ་ཡུལ་སྦོག་ར་བཀྲ་ཤིས་གླིང་ས་འགོ་ཡེ་ཤེས་ཆོས་སྒྲོན་ལགས་དང་། དངུལ་གཉེར་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་ཏེ། ཕྱི་དྲོར་ཊལེ་ཁུ་ (Talekhu) ཞེས་པའི་མགྲོན་ཁང་དུ་བཞུགས་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པ་མུ་མཐུད་ཕེབས་ཏེ། ཉིན་གུང་མ་ནང་དུ་ཕེབས་འབྱོར་སྐབས། འབྲེལ་མཐུད་པ་དགའ་ལྡན་ལགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཡང་མཚོ་མོ་ལགས་རྣམ་གཉིས་ནས་ཕེབས་བསུ་ཞུས་ཡོད་ཅིང་། ཉིན་རྒྱབ་མ་ནང་ཀུན་བཟང་ལྷུན་གྲུབ་དགོན་དང་། སྦང་སྦག(Ngawal) བྲག་དཀར། མ་ནང་གྲོང་ཚོ་རྙིང་པ་བཅས་ཀྱི་ཁ་ཐོར་མི་མང་རྣམས་ལ་གཟིགས་སྐོར་དང་། དུད་ཚང་དཀའ་ངལ་ཅན་ཁག་ཅིག་གི་ནང་དུ་ཆེད་ཕེབས་ཀྱིས་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་མ་ནང་བློ་འཕེལ་གླིང་གཏན་སློབ་ཚོགས་ཁང་དུ་མི་མང་ཚོགས་འདུ་བསྐོངས་ཏེ། སྤྱི་འཐུས་མཆོག་གིས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། དེ་བཞིན་བོད་པའི་ཡ་རབས་བཟང་སྤྱོད་དང་སྐད་ཡིག་རིག་གཞུང་གི་གལ་གནད། ལྷག་དོན་ས་གནས་དེ་ཁུལ་དུ་ཕོ་མོ་གཉིས་ཀས་ཆང་རག་ཤུགས་ཆེན་འཐུང་བཞིན་པའི་ལམ་སྲོལ་ངན་པའི་ཐད་གོ་བཀོན་སློབ་གསོ་བཅས་གནང་ཡོད་པ་དང་། དེ་རྗེས་སློབ་གྲྭའི་དགེ་ལས་རྣམ་པ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་སློབ་གྲྭའི་ཤེས་ཡོན་སོགས་ཀྱི་ཐོག་གོ་བསྡུར་ཞུས་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་མ་ནང་ཁུལ་གྱི་ལས་རིམ་ཡོངས་སུ་གྲུབ་རྗེས། འབྲེལ་མཐུད་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་གཉིས་ཀྱི་ཕེབས་རོགས་འོག སྤྱི་འཐུས་མཆོག་ནུབ་རི་ཕྱོགས་སུ་ཕེབས་ཡོད་ཅིང་། དགོང་མོར་དེད་ཆུ་(Tilche) ཞེས་པར་ཞག་བཞུགས་གནང་། ས་དེར་ནུབ་རི་ནས་རྟ་ཁྲིད་དེ་ཕེབས་བསུར་བཅར་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་སྔ་པོ་ནས་ཕེབས་ཐོན་གྱིས། མཚམས་རེར་རྟ་ལ་བཞོན་པ་དང་། མཚམས་རེར་ཞབས་ཐང་དུ་བསྐྱོད་དེ་ཕྱི་དྲོའི་ཆུ་ཚོད་ ༧ ཙམ་ལ་ཕྱེ་མ་ཐང་ (Bhimthang) ཞེས་པར་ཕེབས་འབྱོར་བྱུང་སྟེ། ཕྱི་རྒྱལ་རི་འཛེགས་པ་སྡོད་སའི་མགྲོན་ཁང་ཞིག་ཏུ་བཞུགས་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་ཐོ་རངས་ཁ་བ་ཤུགས་ཆེན་འབབ་བཞིན་པའི་ཁྲོད་རྫ་རི་དང་བྲག་རི་བརྒྱུད་དེ་ཉིན་རྒྱབ་ཆུ་ཚོད་ ༣ ཙམ་ལ་མཐོ་ཚད་ཕི་ཊི་ (5106) ཡོད་པའི་སྒོམ་ཞྭ་ལ་(Larke Pass)ཞེས་པའི་ལ་མགོར་འབྱོར་ཡོད་པ་དང་། ཉིན་དེར་མུན་རུབ་རྗེས་ཀྱི་ཆུ་ཚོད་ ༨ ཙམ་ལ་གཞི་ནས་ནུབ་རིའི་བོད་པ་མང་ཤོས་སྡོད་ཡུལ་སམ་མདོ་ (Samdo) ཞེས་པར་ཕེབས་འབྱོར་བྱུང་ཡོད་འདུག བོད་ས་ཤོར་ཏེ་ལོ་ངོ་དྲུག་ཅུ་ལྷག་རིང་ས་དེར་རྡ་ས་ནས་གཞུང་གི་མི་སྣ་སུ་ཡང་སླེབས་མྱོང་མེད་ཚུལ་ས་གནས་མི་མང་ཚོས་གསུངས་ཡོད་པ་དང་། སྤྱི་འཐུས་མཆོག་ས་གནས་དེར་ཕེབས་འབྱོར་བྱུང་མ་ཐག ས་གནས་མི་མང་ཚོས་བོད་གཞུང་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཕེབས་སོང་ཞེས་དགའ་སྤྲོ་ཆེན་པོ་གནང་ཡོད་འདུག ས་དེར་འགྲིམ་འགྲུལ་དཀའ་ཁག་ཆེ་ཞིང་བརྡལ་གླ་སོགས་ཧ་ཅང་མཐོ་པོ་ཡོད་འདུག སམ་མདོ་ནས་བོད་ཀྱི་ས་མཚམས་བར་སྤྱི་ལེ་དྲུག་བདུན་ཙམ་ལས་མེད་པ་དང་། སྔོན་ཆད་ས་མཚམས་ཕྱེས་ཏེ་བོད་ནང་ཕར་ཚུར་ཚོང་རྒྱག་གི་ཡོད་འདུག
ནུབ་རི་སམ་མདོ་ཟེར་བ་དེ་བཙན་བྱོལ་བོད་མི་ཁེ་གཙང་གི་གྲོང་སྡེ་ཞིག་ཡིན་ཞིང་དུད་ཚང་ ༤༦ ཙམ་ཡོད་འདུག བོད་ས་མ་ཤོར་སྔོན་ལ་ས་སྟོང་བོད་དང་བལ་པོའི་ཚོང་ལམ་ཡིན་ཞིང་། སྟོད་མངའ་རིའི་ནུབ་ཁུལ་བྱང་འབྲོག་དང་རུད་སོགས་ཀྱི་འབྲོག་པ་ཚོ་སྡོད་ཡུལ་ཡིན་སྟབས། བོད་ས་རྒྱ་ལག་ཏུ་ཤོར་རྗེས་རུད་དང་གུང་ཐང་ཕྱོགས་ཀྱི་མི་མང་པོ་ས་དེར་བཙན་བྱོལ་དུ་བསླེབས་ཏེ་གཞིས་ཆགས་ཤིང་ཐོག་མ་འབྲོག་ལས་གཉེར་བ་དང་། རིམ་གྱིས་ས་རྒོད་བསྔོགས་ཏེ་ཞིང་ཁ་བཟོས་ཏེ་ད་ལྟ་ནས་དང་ཞོག་ཁོག་ཕྲན་བུ་འདེབས་ལས་བྱེད་པ། ནོར་ནག་དང་རྟ་དྲེའུ་ཉུང་ངུ་རེ་དང་དབྱར་རྩྭ་དགུན་འབུ་བསྐོ་བ། ཕྱི་རྒྱལ་རི་འཛེགས་པ་དང་གོམ་བགྲོད་པ་སོགས་ལ་གླ་གཡོག་དང་ཚོང་ལས་ཙག་ཙིག་གཉེར་བ་སོགས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པ་བསམ་མདོའི་འབྲེལ་མཐུད་པ་རྣམ་པའི་ཕེབས་རོགས་འོག སྤྱི་འཐུས་མཆོག་རོད་ཅེས་པའི་གྲོང་སྡེར་ཕེབས་ཏེ། ཁ་འཐོར་སྐྱབས་བཅོལ་བོད་མིའི་ཁྱིམ་ཚང་ ༢༤ ཡོད་པ་རེ་རེའི་ནང་ཕེབས་ཏེ། གཟིགས་ཞིབ་དང་མི་མང་གི་བདེ་སྡུག་ལ་གསན་ཞིབ་གནང་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་གློད་དང་ཤ་ལ། གནམ་རོང་བཅས་ཀྱི་ཁ་ཐོར་མི་མང་རྟར་བཞོན་ཏེ་འབྱོར་བ་ཚོར་ཐུག་འཕྲད་བཀའ་མོལ་གནང་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་ཕྱིར་སམ་མདོར་ཕེབས་ནས་ཉིན་རྒྱབ་མི་མང་ཚོགས་འདུ་བསྐོངས་ཏེ། སྤྱི་འཐུས་མཆོག་གིས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་ཅིང་། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་བརྩི་དགོས་ཞེས་པའི་དཔེ་ལྟར། ཡུལ་མིར་འཆམ་མཐུན་དང་བལ་ཡུལ་གཞུང་གི་ཁྲིམས་སྒྲིག་ལ་བརྩི་སྲུང་གནང་གལ་ཆེ་སྐོར་སོགས་གསུངས་ཡོད་འདུག སྐབས་དེར་སམ་མདོའི་བགྲེས་སོང་ཞིག་གིས་ལོ་ངོ་ ༦༠༠ གོང་ལ་བལ་པོའི་ཇུམ་ལ་རྒྱལ་པོ་ཨ་དི་ཏི་མཱ་ལ་ཡིས་སྟོད་མངའ་རིས་རྟ་སྒ་དགོན་པར་གནང་བའི་ཟངས་ཡིག་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གིས་གནང་བའི་བཀའ་ཡིག་སོགས་སྤྱན་འབུལ་ཞུས་ཡོད་འདུག ཚོགས་འདུའི་མཇུག་ཏུ་སྤྱི་འཐུས་མཆོག་གིས་སྟོན་པ་ཐུབ་པའི་དབང་པོ་དང་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་སྐུ་པར་དང་། ༧གོང་ས་མཆོག་གིས་ཞལ་སྔགས་བྱིན་རླབས་མཛད་པའི་ཕྱག་མདུད་བཅས་ལས་ཀྱི་སྣེ་མོ་བ་དང་རྒན་འཁོགས་རྣམ་པར་ཕུལ་ཡོད་པ་དང་། དུད་ཚང་རེ་རེར་༧གོང་ས་མཆོག་གི་མ་ཎི་དུང་སྒྲུབ་རིལ་བུ་བཅས་བགོ་འགྲེམས་ཞུས་པར་མི་མང་ཧ་ཅང་དགའ་པོ་བྱུང་ཡོད་འདུག
སྤྱི་འཐུས་མཆོག་ནུབ་རིར་ཕེབས་འབྱོར་སྐབས། ས་གནས་སུ་བསྟུད་མར་ཉིན་གསུམ་ཁ་བ་མཚམས་མ་ཆད་པར་བབས་ཡོད་ཅིང་། ཕྱི་ཚེས་ ༡༨ ཉིན་ཁ་བ་ཤུགས་ཆེན་འབབ་པའི་ཁྲོད་སམ་མདོའི་དུད་ཚང་ཁག་རེ་རེ་དང་ས་ཞིང་། འབྲོག་ལྷས། དགོན་པ་བཅས་ལ་གཟིགས་སྐོར་དང་། ཁ་ཐོར་མི་མང་འབྱོར་བ་ཚོར་ཐུག་འཕྲད་གནང་ཡོད་འདུག ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པ་སྔ་པོར་སམ་མདོའི་མི་མང་གི་ཕེབས་སྐྱེལ་ཐོག སྤོག་རར་ཕྲུ་གུ་གུང་གསེང་ལ་ལེན་དུ་འགྲོ་མཁན་ཁྱིིམ་བདག་ཕ་མ་ཁག་ཅིག་གི་རོགས་རམ་འོག་རྟར་བཞོན་ཏེ། སླར་ཡང་སྒོམ་ཞྭ་ལའི་རྫ་རོང་དང་གཡང་གཟར་བརྒྱུད་དེ་ཉིན་གཉིས་ཡོང་ཡོད་པ་དང་།
ཕྱི་ཚེས་ ༢༠ ཉིན་ཞབས་ཐང་དུ་ཕེབས་ཏེ་མུན་རུབ་རྗེས་དྷ་ར་པ་ནེ་ (Dharapani) ཞེས་པར་ཕེབས་འབྱོར་བྱུང་སྟེ་ཞག་བཞུགས་གནང་ཡོད་འདུག ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པ་རླངས་འཁོར་བརྒྱུད་ (Dumre) ལ་ཕེབས་འབྱོར་སྐབས་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་དང་ བཀྲ་ཤིས་གླིང་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་གློ་སྒྲིག་བྱམས་པ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རླངས་འཁོར་བཏང་སྟེ། ཕེབས་བསུར་འབྱོར་བ་ལྟར་དགོང་མོ་སྤོག་རར་ཕེབས་འབྱོར་བྱུང་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་བཀྲ་ཤིས་ཚེ་བརྟན་ལགས་ཀྱི་ཕེབས་རོགས་འོག སྤྱི་འཐུས་མཆོག་རླངས་འཁོར་གླས་ཏེ་གློ་སྨན་ཐང་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་དང་། ཉིན་གུང་གློ་ཚེ་རོགས་ལ་ཕེབས་འབྱོར་སྐབས། འབྲེལ་མཐུད་པ་ཚེ་རིང་དབང་འདུས་ལགས་ཀྱང་མཉམ་བཅར་གྱིས་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་གློ་སྨན་ཐང་དུ་ཕེབས་འབྱོར་བྱུང་འདུག ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པ་གློ་སྨན་ཐང་སྟོད་ཞེས་པར་ཐོན་ཏེ། སྐྱབས་བཅོལ་བོད་པའི་འབྲོག་པ་ཚོར་ཐུག་འཕྲད་དང་། སྦྲ་གུར་ནང་ཚོགས་འདུ་བསྐོངས་ཏེ། སྤྱི་འཐུས་ཀྱི་ལས་དོན་ངོ་སྤྲོད་དང་། ཁོང་རྣམ་པའི་བདེ་སྡུག་ལ་གསན་ཞིབ་གནང་ཡོད་འདུག
གློ་སྨན་ཐང་དུ་གློ་བོ་དང་བོད་པ་དུད་ཚང་ཉིས་བརྒྱ་ཡས་མས་ཡོད་པའི་ཁྲོད་ཕྱུགས་རིགས་འཚོ་སྐྱོང་བྱས་ཏེ་འབྲོག་ལས་གཉེར་མཁན་སྐྱབས་བཅོལ་བོད་པའི་ཁྱིམ་ཚང་བཅུ་གྲངས་དེ་ཁོ་ན་ཡིན་འདུག འབྲོག་པ་མང་ཆེ་བར་རང་བདག་གི་ཁང་པ་མེད་པར་ལོ་ཧྲིལ་བོར་སྦྲ་གུར་ནང་སྡོད་ཀྱི་ཡོད་འདུག ཉིན་རྒྱབ་བྱང་ཕྱོགས་སུ་སྐྱབས་བཅོལ་བོད་མི་རེ་གཉིས་ཡོད་པར་ཐུག་འཕྲད་དང་བསྟུན་ཏེ་བལ་བོད་ས་མཚམས་སུ་ཕེབས་ཡོད་པ་དང་། ཕྱི་དྲོར་དྲུག་ཅུ་རེ་གྲངས་ནང་བཙུགས་པའི་བོད་པའི་དམག་སྒར་ཁག་ཅིག་དང་། གློ་སྨན་ཐང་རྒྱལ་པོའི་མཁར་དགོན་སོགས་ལ་གཟིགས་སྐོར་དང་། དགོང་མོར་བོད་མི་ཁ་ཐོར་ཚོ་དང་ལྷན་དུ་འཛོམས་ཏེ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་ཅིང་། ས་གནས་དེ་ཁུལ་གྱི་བོད་མི་ཚོར་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་དཀའ་ངལ་རེ་ཟུང་མ་གཏོགས་གཞན་བདེ་སྡུག་ཞུ་མཁན་བྱུང་མེད་པ་དང་། འབྲོག་པ་མང་ཆེ་བས་ཕྱུགས་ཟོག་གི་བཀའ་དྲིན་ལ་བརྟེན་ཏེ། ད་ལྟ་༧རྒྱལ་བ་རིན་པོ་ཆེ་དང་རང་གཞུང་ལ་སྐུ་ངལ་བཟོ་དགོས་པ་མི་འདུག་ཅེས་ཧ་ཅང་འདོད་པ་ཁེངས་པའི་རྣམ་འགྱུར་བསྟན་ཡོད་འདུག
ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པ་གློ་སྨན་ཐང་ནས་ཕེབས་ཐོན་གྱིས་ཕྱི་དྲོར་བཀག་ (Kagbeni) ཞུ་བའི་གྲོང་ཚོར་སྐྱབས་བཅོལ་བོད་མིའི་དུད་ཚང་བཅུ་གྲངས་ཡོད་པར་གཟིགས་སྐོར་གནང་རྗེས། གློ་ཚེ་རོགས་ལ་ཕེབས་འབྱོར་བྱུང་ཡོད་པ་དང་། སྤྱི་འཐུས་མཆོག་གིས་གློ་ཚེ་རོགས་གཞིས་ཆགས་དང་། དཔལ་དབྱངས་ཅན་ལྷ་མོའི་ཉིན་སློབ་སོགས་ལ་གཟིགས་སྐོར་དང་། མཇུག་ཏུ་མི་མང་ཚོགས་འདུ་བསྐོངས་ཏེ་གསུང་བཤད་དང་དྲི་བ་དྲིས་ལན། མི་མང་ནས་བདེ་སྡུག་ཞུས་རིགས་ལ་གསན་ཞིབ་བཅས་གནང་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་ཕྱིར་སྤོག་རར་ཕེབས་འབྱོར་སྐབས། གློ་སྒྲིག་བྱམས་པ་གླིང་ས་གནས་འགོ་འཛིན་བཀྲ་ཤིས་རྡོ་རྗེ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྲི་བརྟན་ལགས་རྣམ་གཉིས་ཕེབས་བསུར་བཅར་ཡོད་པ་དང་། ཕྱི་དྲོར་དཔལ་འབྱོར་གླིང་གཞིས་ཆགས་ལ་གཟིགས་སྐོར་གནང་རྗེས། གཞིས་ཆགས་ཚོགས་ཁང་དུ་མི་མང་ཚོགས་འདུ་བསྐོངས་ཏེ། སྤྱི་འཐུས་མཆོག་གིས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན། མི་མང་གིས་བདེ་སྡུག་ཞུས་རིགས་ལ་གསན་ཞིབ་བཅས་གནང་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པ་སྤོག་ར་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ལ་འབྱོར་བ་དང་། ཉིན་གུང་གངས་ཅན་བདེ་རྩའི་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་ལགས་དང་། འཛིན་སྐྱོང་འགན་འཛིན་བསོད་ནམས་ཚེ་རིང་ལགས་རྣམ་གཉིས་ལ་ཐུག་འཕྲད་ཞུས་ཏེ། སྤོག་ར་དང་། མ་ནང་། ནུབ་རི་ཁུལ་གྱི་ཤེས་ཡོན་གནས་སྟངས་སྙན་སེང་དང་། ལྷག་དོན་གཞོན་སྐྱེས་མང་པོ་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་པའི་སྐད་ཡིག་རིག་གཞུང་དང་ལ་རྒྱ་རིགས་ཞེན་སྤེལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྐོར་ཞུས་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པ་ཀ་ཐ་མན་གྲུ་ནས་མཁའ་ལམ་བརྒྱུད་བྷ་ཌར་པུར་དང་། ཉིན་རྒྱབ་བྷག་ཌོ་ར་ནས་ལྡི་ལིར་ཕེབས་འབྱོར་བྱུང་ཞིང་། ཕྱི་དྲོ་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་ཕྱིར་བཞུགས་སྒར་རྡ་སར་བདེ་འབྱོར་བྱུང་ཡོད་འདུག་པ་བཅས།