༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༤ ནས་ ༡༩ བར་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དང་། བྱམས་པ་གླིང་། གློ་སྒྲིག བཀྲ་ཤིས་སྒང་། བཀྲ་ཤིས་དཔལ་འཁྱིལ་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་གནང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་དང་། ཕྱི་ཚེས་ ༥ ཉིན་སྡེ་ར་སྡུན་ནས་བལ་ཡུལ་ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ཉིན་དྷན་ག་དྷི་ (Dhangadhi) ཡི་གནམ་ཐང་ནས་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་ (Kathmandu) རུ་ཕེབས་ཐོན་གནང་བ་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་ཕྱི་ཚེས་ ༦ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་དང་། ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་གནམ་གྲུ་བརྒྱུད་བལ་ཡུལ་ལ་ཕེབས་ཐོན་གྱིས་དགོང་དྲོ་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་འདུག
ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལྷན་འཛོམས་ཀྱིས་ལས་རིམ་ཐོག་བཀའ་བསྡུར་གནང་རྗེས། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག ཐར་ལམ་དགོན་པའི་བསྟན་བདག་༧སྐྱབས་རྗེ་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅས་མཇལ་བཅར་ཞུས་པ་དང་།
དེ་རྗེས་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན་མཆོད་རྟེན་ཆེན་མོ་བཅས་ལ་གནས་མཇལ། བལ་ཡུལ་ཁ་གདན་བཟོ་གྲྭ་བཅུ་ (TCC) ཐུན་མོང་ནས་བལ་གདན་ཚོང་ཁང་དུ་གདན་ཞུས་ལྟར་འཚམས་གཟིགས་གནང་། དེ་ཉིན་དགོང་མོར་ཞིང་གཤེགས་དམ་པ་སྐུ་ངོ་འཇིགས་མེད་ལགས་ཀྱི་བུ་མོ་སྨན་པ་ཀུན་གྲོལ་ལགས་ཀྱིས་གདན་ཞུས་ལྟར་དགོང་དྲོའི་གསོལ་ཚིགས་ལ་སྤྱི་འཐུས་རྣམ་པ་གཉིས་ཆེད་བཅར་ཞུས་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་ནས་སྤོག་རར་ཕེབས་ཐོན་གྱིས་སྤོག་ར་གནམ་ཐང་དུ་ཕེབས་འབྱོར་སྐབས། སྤོག་ར་གཞིས་ཁག་གསུམ་གྱི་ས་འགོ་ཡེ་ཤེས་ཆོས་སྒྲོན་ལགས་དང་། ས་འགོ་བཀྲ་ཤིས་རྡོ་རྗེ་ལགས། ས་འགོ་བཀྲ་ཤིས་ལགས་བཅས་དང་། ས་འཐུས་ཚོགས་གཙོ། གློ་སྒྲིག་ཚོགས་གཙོ། ས་གནས་རང་དབང་བདེན་པའི་ཚོགས་པའི་སྐུ་ཚབ། བོད་ཁྱིམ་སློབ་གྲྭའི་དབུ་འཛིན། དགོན་པའི་སྐུ་ཚབ། སྨན་རྩིས་ཁང་གི་འགན་འཛིན། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། བཟོ་གྲྭའི་འགན་འཛིན། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ། བརྒྱ་དཔོན་དང་སྤྱི་མི་རྣམ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་བཞུགས་གནས་ (Swapna bagh) མགྲོན་ཁང་དུ་ཕེབས་ཐོན་གྱིས་དེར་འབྱོར་སྐབས། ས་གནས་བོད་མིའི་གཞིས་གྲོང་ཁག་གི་སྐུ་ཚབ་ཚོས་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག
ཕྱི་ཚེས་ ༡༡ ཉིན་སྔ་དྲོ་སྤོག་ར་བཀྲ་ཤིས་གླིང་གཞིས་གྲོང་ནང་ཕེབས་ཐོན་གྱིས་གཞིས་ཆགས་སུ་འབྱོར་སྐབས། ས་འཐུས་དང་། སྤྱི་མི། བརྒྱ་དཔོན། དགོན་པའི་འགན་འཛིན། ས་གནས་བུད་མེད་ཚོགས་པ་སོགས་ཀྱི་ཕེབས་བསུའི་སྣེ་ལེན་དང་། དེ་ནས་ས་འགོ་ལས་ཁུངས་སུ་སྤྱི་འཐུས་རྣམ་པར་གཞིས་ཆགས་ཀྱི་གནས་སྟངས་དང་། ལོ་གཉིས་རིང་གི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་རྗེས།
རིམ་པས་ས་འགོ་ལས་ཁུངས་དང་། དགོན་པ། སྨན་ཁང་། སློབ་གྲྭ། སྨན་རྩིས་ཁང་། ཞིང་ས་སོགས་སུ་གཟིགས་སྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་གནང་ཞིང་། དེའི་སྐབས་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་༧གོང་ས་མཆོག་གི་མཛད་ཆེན་བཞིའི་སྐོར་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར། ཨ་རིའི་གཞུང་གི་བོད་དོན་ཁྲིམས་འཆར་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་། མི་མང་དང་ལྷན་དུ་དྲི་བ་དྲིས་ལན་ཆུ་ཚོད་གསུམ་ཙམ་གནང་འདུག
ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་གནས་མགྲོན་ཁང་དུ་དེ་གའི་ས་གནས་འགོ་འཛིན་ནས་སྣེ་ལེན་དང་འབྲེལ། སྤྱི་འཐུས་རྣམ་པ་གཉིས་གློ་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་བྱམས་པ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ། ཆུ་ཚོད་ ༡༠།༠༠ ཙམ་ལ་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་སྤྱི་མི་དང་། ས་འཐུས། བརྒྱ་དཔོན་སོགས་ཀྱིས་སྣེ་ལེན་ཞུས་རྗེས། ས་འགོ་དང་ས་འཐུས། སྤྱི་མི་བཅས་མི་གྲངས་བཅུ་ཙམ་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་པར་གཞིས་ཆགས་ཀྱི་གནས་སྟངས་སོགས་ངོ་སྤྲོད་དང་།
དེ་རྗེས་གཞིས་ཆགས་ཀྱི་ཕྱོགས་ཡོངས་ལ་གཟིགས་སྐོར་དང་། མཐའ་སྐོར་བཅས་སུ་གཟིགས་ཞིབ་གནང་ཡོད་འདུག ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ས་གནས་མི་མང་རྣམས་ལ་གསུང་བཤད་དང་། ཕན་ཚུན་དྲི་བ་དྲིས་ལན་ཆུ་ཚོད་བཞི་ཙམ་གནང་། གློ་སྒྲིག་འཛུགས་བདེ་དོན་ཚོགས་པའི་ངོས་ནས་དགོང་དྲོར་གསོལ་ཚིགས་ཐོག་གདན་ཞུས་ལྟར་ཆེད་བཅར་ཞུས་འདུག
ཕྱི་ཚེས་ ༡༣ ཉིན་ཞོགས་པར་གློ་སྒྲིག་ས་འགོ་དང་། ས་འཐུས་བཅས་ནས་མགྲོན་ཁང་ནས་ཕེབས་བསུ་དང་སྦྲགས། བཀྲ་ཤིས་དཔལ་འབྱོར་གཞིས་གྲོང་དུ་ཤངས་དགའ་ལྡན་དགོན་དུ་ཕེབས་འབྱོར་སྐབས། དགོན་པའི་འགན་འཛིན་མཆོག་ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། དགོན་པར་གནས་མཇལ་དང་། རིམ་པས་གཞིས་གྲོང་ནང་དུ་གཟིགས་སྐོར་གནང་རྗེས། མི་མང་ལ་གསུང་བཤད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་། ཉིན་གུང་ཆུ་ཚོད་ ༡༢།༠༠ ཙམ་ལ་བཀྲ་ཤིས་སྒང་གཞིས་གྲོང་ལ་གཟིགས་སྐོར་ཕེབས་སྐབས། བརྒྱ་དཔོན་དང་། ས་གནས་མི་མང་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། གཞིས་གྲོང་ནང་དུ་གཟིགས་སྐོར་དང་། མི་མང་ལ་གསུང་བཤད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་སྔ་དྲོ་བཀྲ་ཤིས་དཔལ་འཁྱིལ་གཞིས་གྲོང་གི་ལས་ཁུངས་སུ་ཕེབས་འབྱོར་སྐབས། ས་འཐུས་ཚོགས་གཙོ་དང་། དགོན་པའི་སྐུ་ཚབ། མངའ་རིས་སྐུ་ཚབ། སློབ་གྲྭའི་དགེ་ཆེ། མཉམ་འབྲེལ་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཞོན་སོགས་ཀྱི་ཕེབས་བསུའི་སྣེ་ལེན་དང་སྦྲགས། ས་འགོ་ལས་ཁུངས་སུ་ས་གནས་འགོ་འཛིན་ནས་སྤྱི་འཐུས་རྣམ་པར་ས་གནས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་ཞུས་རྗེས། མཁན་པོ་དང་ལས་བྱེད་རྣམ་པས་སྣེ་ལེན་འོག བཀའ་བརྒྱུད་དགོན་པ་དང་། ས་སྐྱ་དགོན་པ་པདྨ་ཚལ་བཅས་ལ་གནས་མཇལ་དང་། དེ་བཞིན་ས་གནས་འབྲིང་རིམ་སློབ་གྲྭ་དང་། སྨན་རྩིས་ཁང་། སྔོན་འགྲོ་སློབ་གྲྭ། རྒས་གསོ་ཁང་། གཞིས་གྲོང་བཅས་ལ་གཟིགས་སྐོར།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་མི་མང་རྣམས་ལ་གོང་འཁོད་བརྗོད་གཞི་ལྟར་གསུང་བཤད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག ཕྱི་ཚེས་ ༡༥ ཞོགས་པ་ཆུ་ཚོད་ ༡༠།༠༠ པ་ཙམ་ལ་ས་གནས་ཀྱི་ཚོང་ཁང་དང་གནས་སྟངས་སོགས་ལ་གཟིགས་ཞིབ་དང་། ཉིན་རྒྱབ་ས་འགོ་དང་རྩིས་དྲུང་ལྷན། བོད་པའི་ཚོང་ཁང་ཁག་ལ་གཟིགས་སྐོར་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་དགོང་མོར་སྤོག་ར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་གསུམ་དང་། རྩིས་དྲུང་རྣམ་པ་བཅས་ནས་ཐུན་མོང་ཐོག་སྤྱི་འཐུས་རྣམ་པ་གཉིས་ལ་ཕེབས་སྐྱེལ་གྱི་གསོལ་ཚིགས་གོ་སྒྲིག་དང་། ཕྱི་ཚེས་ ༡༧ ཞོགས་པ་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་ཕེབས་ཐོན་གནང་ཞིང་། ཕྱི་དྲོ་ཆུ་ཚོད་ ༦།༠༠ པ་ཙམ་ལ་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་ཕེབས་འབྱོར་བྱུང་རྗེས་ཐེངས་འདིའི་བལ་ཡུལ་སྤོག་ར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་རེ་ཞིག་གྲུབ་ཡོད་པ་བཅས།