བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་ཤིས་ལོངས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་ཀྱི་མངའ་སྡེ་ཁག་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་དང་། ས་གནས་འགོ་འཛིན་ལྷན་དུ་གྷོ་ཝ་ཧ་ཀྲི་ནས་ཕེབས་ཐོན་གྱིས་ཤིས་ལོངས་སུ་ཕེབས་འབྱོར་སྐབས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། བོད་དགོན་དགའ་ལྡན་ཆོས་གླིང་གི་མཁན་པོ། སློབ་གྲྭའི་དགེ་ཆེ། སྤྱི་མི་བརྒྱ་དཔོན། ས་གནས་བུད་མེད་ཀྱི་སྐུ་ཚབ་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་ཡོད།


ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་ཤིས་ལོངས་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་། ཤིས་ལོངས་སམ་བྷོ་ཊ་ཉིན་སློབ་ཏུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་ཞིང་། སྐབས་དེར་སློབ་གྲྭའི་དགེ་ཆེ་དང་དགེ་རྒན། ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་གནང་འདུག


བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་དགེ་སློབ་དང་། ཕ་མ་ཡོངས་ལ་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། མ་འོངས་ཕྲུ་གུའི་མདུན་ལམ་དང་འགན་འཁྲིའི་སྐོར་བཀའ་སློབ་གནང་འདུག་པ་མ་ཟད། འབྱུང་འགྱུར་དགེ་རྒན་དང་ཕ་མ་ཚོས་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་སླད་སྔར་ལྷག་ཤུགས་སྣོན་རྒྱག་དགོས་གལ་སྐོར་གསུངས་གནང་འདུག


དེ་རྗེས་སྤྱི་འཐུས་རྣམ་གཉིས་བོད་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་མཇལ་དང་། དགོན་པའི་འཛུགས་སྐྲུན་ལས་གཞིའི་སྐོར་ལ་རྒྱུས་ལོན་དང་གཟིགས་ཞིབ། གཞན་ཡང་། སྤྱི་འཐུས་རྣམ་པ་གཉིས་ས་གནས་དེར་ཡོད་པའི་བོད་མིའི་ཁྲོམ་ས་ (Glory Plaza) དང་ (Bhutia Market) དང་ (Mini Market) བཅས་སུ་གཟིགས་སྐོར་དང་། གནས་སྟངས་རྒྱུས་ལོན་ཡང་གནང་འདུག


ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་ཤིས་ལོངས་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང་། ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ལས་ཁུངས་བཅས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་དང་། དེ་རྗེས་ས་གནས་སྤྱི་ཁང་དུ་མི་མང་ཚོགས་འདུ་བསྐོངས་ཤིང་།

སྐབས་དེར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཚོག་གི་མཛད་འཕྲིན་དང་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་།

སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་གནས་བབས། དམིགས་བསལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ངོས་འཛིན་གནང་ཕྱོགས་སོགས་ཀྱི་ཐོག་ནས་གསུང་བཤད་གནང་འདུག་པ་མ་ཟད། སྤྱི་འཐུས་རྣམ་གཉིས་ནས་མང་ཚོགས་ཀྱི་དྲི་བ་དང་དགོངས་ཚུལ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག

སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ས་གནས་ཤིས་ལོངས་ཀྱི་ལས་རིམ་ཁག་གྲུབ་ཟིན་རྗེས། ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་ལམ་ཞུགས་ཀྱིས་བསྟན་འཛིན་སྒང་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།