བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཨ་རིའི་གྲོང་ཁྱེར་ཤཱི་ཁ་གྷོ་དང་། མེ་ཌི་སན་གཉིས་ཀྱི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༥ ནས་ ༡༨ བར་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཨི་ལི་ནོ་ཡི་མངའ་སྡེའི་ཤཱི་ཁ་གྷོ་གྲོང་ཁྱེར་དང་། ཝིས་སི་ཁོན་སིན་མངའ་སྡེའི་མེ་ཌི་སན་གྲོང་ཁྱེར་གཉིས་ཀྱི་ནང་ས་གནས་བོད་མི་ན་གཞོན་དང་། མང་ཚོགས་བཅས་ལ་ཐུག་འཕྲད་ཀྱིས་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་འདུག

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༦ ཉིན་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཤཱི་ཁ་གྷོའི་གྲོང་ཁྱེར་ནང་གནས་སྡོད་བོད་མི་གཞོན་སྐྱེས་རྣམས་ཐུག་འཕྲད་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ནང་གཞོན་སྐྱེས་ཚོས་འགན་འཁྲི་ཁུར་ཕྱོགས་དང་། མཉམ་ཞུགས་གནང་རྒྱུའི་གལ་གནད་སྐོར་ལ་གསུང་བཤད་དང་། དེ་ཉིན་དགོང་མོར་སྤྱི་འཐུས་མཆོག་གིས་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག


ཕྱི་ཚེས་ ༡༧ ཉིན་མེ་ཌི་སན་གྲོང་ཁྱེར་ནང་ཕེབས་ཏེ། སྔ་དྲོ་ས་གནས་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་བོད་ཀྱི་སྐད་ཡིག་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སྐོར་གསུང་བཤད་དང་། ཉིན་རྒྱབ་ས་གནས་བོད་མི་མང་ཚོགས་རྣམས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག


གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་སྤེལ་ཐབས་སུ། ཚང་མས་མཐུན་སྒྲིལ་དང་། ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཕེལ་རིམ་སྐོར་སོགས་ཀྱི་ཐོག་གསུངས་གནང་འདུག་པ་བཅས།