བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་བྷི་ཧར་རྒྱལ་ས་པཊ་ནར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༦ ནས་ ༡༧ བར་རྒྱ་གར་བྱང་ཕྱོགས་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ནར་ “བོད་རང་དབང་ལས་འགུལ་དང་། རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་ལམ།”ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག་མཉམ་ཞུགས་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

ལྷན་ཚོགས་དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། པཊ་ན་ཁུལ་ལ་རྟེན་གཞི་བྱས་པའི་གྲོས་ཚོགས་ལམ་ལུགས་ཐོག་གི་ཤེས་ཡོན་དང་ཉམས་ཞིབ་བསྟི་གནས་ཁང་ (Jagjivan Ram Institute of Parliamentary Studies and Research) ཞེས་པ་གཉིས་ཐུན་མོང་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བྷི་ཧར་རྒྱལ་ས་པཊ་ནར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ དང་། ༡༧ ཉིན་ས་གནས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།