བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་ (Camp Hale) ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༩ ཉིན་ཨ་རིའི་ཁོ་ལོ་ར་ཌོའི་མངའ་སྡེའི་ (Camp Hale) ས་གནས་སུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཆུ་སྒང་བསྟན་སྲུང་དང་བླངས་དམག་མིར་དམག་སྦྱོང་སྤྲོད་སའི་ས་གནས་དངོས་རྩད་གཅོད་ཐུབ་པའི་རྗེས་དྲན་མཛད་སྒོ་ཞིག་ཚོགས་པའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཆེད་ཕེབས་གནང་ཡོད་འདུག

ལོ་རྒྱུས་ཀྱི་གལ་གནད་ཆེ་བའི་རྗེས་དྲན་མཛད་སྒོ་དེ་བཞིན་ཨ་རིའི་ཁོ་ལོ་ར་ཌོའི་གཙུག་ལག་སློབ་གཉེར་ཁང་གི་མི་རིགས་རིག་པའི་སྡེ་ཚན་དང་། ཁོ་ལོ་ར་ཌོའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག བཀའ་ཟུར་པདྨ་ཆོས་འབྱོར་མཆོག་སོགས་ཆེད་ཕེབས་གནང་ཡོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མིར་ (Camp Hale) ས་གནས་སུ་འཇབ་རྒོལ་དམག་སྦྱོང་སྤྲད་ཡོད་པ་དང་། ད་བར་དམག་སྦྱོང་སྤྲོད་སའི་ས་ཚིགས་དངོས་ར་འཕྲོད་གསལ་པོར་མ་བྱུང་བར་ལྷག་པ་དང་། ཉེ་ཆར་ཨ་རིའི་ཁོ་ལོ་ར་ཌོའི་གཙུག་ལག་སློབ་གཉེར་ཁང་གི་མི་རིགས་རིག་པའི་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་ལྕམ་སྐུ་ཁེ་རོ་ལེ་ མེག་རཱ་ནཱ་ཧན་ (Professor Carole McGranahan) མཆོག་གིས་ལོ་མང་ཞིབ་འཇུག་བྱས་རྗེས་ས་ཚིགས་དངོས་དེ་བཞིན་ངོས་འཛིན་ཐུབ་པ་བྱུང་ཡོད་པ་དང་། ད་རེས་ས་ཡུལ་དངོས་དེའི་ཐོག་དུས་དྲན་སྲུང་བརྩི་ཞུས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག དེ་ཡང་ (Camp Hale) ནི་གྲང་དམག་སྐབས་གལ་གནད་ཆེ་བའི་ས་ཆ་ཞིག་ཡིན་པ་དང་། དེར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་པ་ཚོར་དམག་གི་སྦྱོང་བརྡར་སྤྲད་ཅིང་། དེ་ནི་རྒྱ་དམར་འགོག་རྒོལ་གྱི་ལོ་རྒྱུས་ཁྲོད་གལ་ཆེའི་ལེའུ་ཞིག་ཆགས་ཀྱི་ཡོད།

རྗེས་དྲན་མཛད་སྒོའི་འདིའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས། ད་རེས་ཀྱི་འདུ་འཛོམས་འདིས་བོད་མིའི་རྒྱ་དམར་འགོག་རྒོལ་གྱི་སྙིང་སྟོབས་དང་ནུས་པ་དྲན་སྐུལ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་གནང་འདུག་པ་བཅས།