བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་བྱང་ཨ་རིའི་གྲོང་ཁྱེར་གཉིས་ཀྱི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།


༄༅། ། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ནས་ཁེ་ན་ཌའི་ (British Columbia) མངའ་སྡེའི་གྲོང་ཁྱེར་ཝན་ཁུ་ཝར་ (Vancouver) དང་། ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་གྲོང་ཁྱེར་སེ་ཊལ་ (Seattle) གཉིས་ཀྱི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་ནང་རྟེན་གཞི་བྱས་པའི་ཁྲ་འགུ་དགོན་པ་དང་། རྙིང་མ་དཔལ་ཡུལ་བསམ་གཏན་འོད་གསལ་གླིང་ལ་གནས་མཇལ་དང་། དེ་རྗེས་མཚན་སྒྲོགས་དགོན་པའི་ཚོགས་ཁང་དུ་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད། ཉིན་རྒྱབ་ས་གནས་བོད་རིགས་གཞོན་སྐྱེས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་དང་། ཕྱི་ཚེས་ ༢ ཉིན་སྤྱི་འཐུས་མཆོག་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་གྲོང་ཁྱེར་སེ་ཊལ་དུ་ཕྱོགས་བསྐྱོད་ཀྱིས་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་དང་། དེ་རྗེས་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་ཕེབས་ནས་དེ་གའི་གནས་སྟངས་སྐོར་རྒྱུས་ལོན་གནང་འདུག

ས་གནས་བོད་རིགས་མང་ཚོགས་ཐུག་འཕྲད་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་བྱང་ཨ་རིའི་བོད་རིགས་མང་ཚོགས་དང་འབྲེལ་བའི་གནད་དོན་དང་། བོད་ཀྱི་འཐབ་རྩོད་དང་། དེ་བཞིན་ས་གནས་བོད་མིའི་སྤྱི་ཚོགས་སྲ་བརྟན་དགོས་སྐོར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་། ས་གནས་མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད། དེ་བཞིན་མི་མང་གི་དགོངས་འཆར་ཁག་གསན་བཞེས་གནང་ཡོད་འདུག

ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་སྐབས། སྦི་སི་བོད་མིའི་རིག་གཞུང་ཚོགས་པ་ (Tibetan Cultural Society of BC) དང་། ཝ་ཤིང་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་ (Tibetan Association of Washington) གཉིས་ནས་མཐུན་འགྱུར་ཞུས་གནང་འདུག་པ་བཅས།