༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༠ ནས་ཚེས་ ༢༢ བར་གྷོ་བ་ས་གནས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༠ ཉིན་གྱི་ཚོུད་ ༡༠།༠༠ ཐོག་མོན་གྷོ་ནས་ས་གནས་འགོ་འཛིན་ནས་མོ་ཊ་མཐུན་འགྱུར་གྱིས་གྷོ་བར་ཕེབས་ཐོན་གནང་། ཕྱི་དྲོ་ཚོུད་ ༥།༣༠ ཐོག་ Resort de Crossroads མགྲོན་ཁང་དུ་ཕེབས་འབྱོར་སྐབས་གྷོ་བ་ཁུལ་གྱི་ཀ་ལན་གྷཊ་ Calangute དང་བྷ་གྷའི་ Baga ཁུལ་དུ་ཡོད་པའི་བོད་མིའི་ཁྲོམ་ཚོང་སྐྱིད་སྡུག་གི་འཐུས་མི་བཀྲིས་རབ་བརྟན་ལགས་དང་ཉི་མ་ཚེ་རིང་ལགས་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས།
སྤྱི་ཚེས་ ༢༡ ཉིན་སྔ་དྲོ་ཚོུད་ ༡༡།༣༠ ཐོག་གྷོ་བ་ཁུལ་གྱི་ས་གནས་བོད་མིིིའི་ཚོང་པ་རྣམས་གྷོ་བ་ཀ་ལན་གྷཊ་ Calangute ཁྲོམ་སར་འདུ་འཛོམས་ཐོག་མི་མང་རྣམས་ལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། མི་མང་ནས་ཞུས་དོན་ས་གནས་སུ་ད་ཆ་མི་ཚང་ ༡༥ ནས་ ༡༦ ལས་མེད་པ་དང་། དེ་བཞིན་ད་ལྟའི་ལས་ཐོག་ལྷོ་སྤྱི་དང་དེའི་སྔོན་གྱི་ལྷོ་སྤྱི་ཟུར་པ་རེ་གཉིས་མ་གཏོགས་གཞན་གྷོ་བ་ས་གནས་ཀྱི་བོད་མིར་དོ་སྣང་གནང་མཁན་མ་བྱུང་པར་ད་ལྟ་ཡང་བློ་ཕམ་ཆེན་པོ་ཡོད་སྐོར་ཞུས་འདུག
དེ་རྗེས་གྷོ་བ་ཀ་ལན་གྷཊ་ Calangute དང་བྷ་གྷའི་ Baga ཁུལ་གྱི་བོད་མིིིའི་ཚོང་ཁྲོམ་སྐྱིད་སྡུག་གི་ས་གནས་འཐུས་མིས་གོ་སྒྲིག་གནང་བའི་ཞལ་ལག་ཏུ་ཕེབས། ཞལ་ལག་གྲུབ་རྗེས་ཀ་ལན་གྷཊ་ Calangute ཁྲོམ་ས་དང་བྷ་གྷ་ Baga ཁྲོམ་ས་གཉིས་ལ་གཟིགས་སྐོར་དང་རྒྱུས་ལོན་གནང་།
སྤྱི་ཚེས་ ༢༢ ཉིན་སྔ་དྲོ་ཚོུད་ ༥།༣༠ ཐོག་ Resort de Crossroads མགྲོན་ཁང་ནས་ཝ་སི་ཁོ་ Vasco ས་གནས་སུ་ཕེབས་ཐོན་དང། ཉིན་རྒྱབ་ཚོུད་ ༡།༠༠ ས་གནས་སུ་འབྱོར་སྐབས་ས་གནས་འཐུས་མི་བསྟན་འཛིན་མཐུ་ཆེན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་རྗེས་ས་གནས་ཁྲོམ་སར་བོད་མིའི་ཚོང་པ་རྣམས་ལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། དེ་རྗེས་གྷོ་བ་ཝ་སི་ཁོ་ Vasco ས་གནས་ཁྲོམ་ས་འཐུས་མིས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས་ཏེ་ས་གནས་གྷོ་བ་ཁུལ་གྱི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་པ་བཅས།