དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ཁོང་རྣམ་གཉིས་བཞུགས་སྒར་རྡ་ས་ནས་ཐོན་ཏེ་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་འབྱོར། ཉིན་དེར་གྷོ་རག་པུར་ས་གནས་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མི་ངག་དབང་བསྟན་འཛིན་ལགས་དང་། ཝཱ་ར་ཎ་སིའི་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་མཐུད་པའམ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དགེ་རྒན་ཆེན་མོ་བྱམས་པ་བསམ་གཏན། ཝཱ་ར་ཎ་སིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མི་དཀོན་མཆོག་ཚེ་རིང་བཅས་ལ་སྔོན་ཚུད་ཁ་པར་བརྒྱུད་ཕྱོགས་བསྐྱོད་སྐབས་ཀྱི་ཉིན་རེའི་ལས་རིམ་བཟོ་འགོད་ཐད་བཀོད་མངགས་དང་། ལམ་ཁའི་འགྲུལ་བཞུད་གནས་སྟངས་སོགས་ཕན་ཚུན་རྒྱུས་ལོན་ཞུས། དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་མེ་འཁོར་ནས་ཐོན་དགོས་ནའང་། དུས་ཚོད་ཕར་འགྱངས་ཀྱིས་མཚན་གུང་ཆུ་ཚོད་ ༡༢།༢༠ བར་བསྒུགས་ནས་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་གྷོ་རག་པུར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མིས་ཕེབས་བསུ་ཞུ་སར་འབྱོར།
ཚེས་ ༩ ཉིན་སྤྱི་འཐུས་རྣམ་གཉིས་ནས་གཙོ་བོ་ས་བགོས་ཕྱོགས་བསྐྱོད་དུ་ཡོང་དགོས་པའི་རྒྱུ་མཚན་དང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དོ་ཁུར་བྱ་དགོས་པའི་གལ་གནད་སྐོར། མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་མི་རིགས་ཀྱི་སྙིང་སྟོབས་ཉམས་མེད་དུ་གནས་དགོས་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་གཞིས་བཞུགས་བོད་མིིའི་སྙིང་སྟོབས། རྒྱ་ནག་གི་སྲིད་བྱུས་འཕེལ་འགྲིབ། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་བར་བཙན་བྱོལ་བོད་མི་རྣམས་ནས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱ་རྒྱུའི་གནད་དོན་ཁག ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་བྱ་གལ་སོགས་དང་། དེ་མིན་རྒྱ་གར་ཡུལ་མི་དང་རང་རེའི་མི་མང་བར་མཐུན་ལམ་དགོས་གནད། རྒྱ་གར་གཞུང་གིས་བོད་འབྲེལ་སྲིད་བྱུས་འཛིན་སྟངས། མི་རིགས་ཀྱི་མ་འོངས་སོན་རྩ་བུ་ཕྲུག་གསོ་སྐྱོང་དང་སློབ་སྦྱོང་སྤྲོད་སྟངས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་གལ་གནད་ཆེ་ཁག་གི་ཐོག་གསུང་བཤད་ཟབ་རྒྱས་གནང་།
ཚེས་ ༡༠ ཉིན་ཝཱ་ར་ཎ་སཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་འཁྲིས་སུ་བཞུགས་པའི་གནས་ཆེན་ས་ར་ན་ཐའི་མཆོད་རྟེན་ལ་གནས་མཇལ་དང་། ཉིན་རྒྱབ་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བྱམས་པ་བསམ་གཏན་ལགས་དང་། བོད་མི་མང་སྤྱི་འཐུས་རྣམ་དག་གཙུག་ཕུད་མཆོག་རྣམ་གཉིས་མཉམ་ཝཱ་ར་ཎ་སཱའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དང་། འཛིན་ཁང་། སློབ་ཕྲུག་གི་ཉལ་ཁང་། སློབ་གྲྭའི་རྩེད་ཐང་། ཚོགས་ཁང་། དགེ་རྒན་གྱི་ལས་ཁང་བཅས་སློབ་གྲྭའི་སྤྱིའི་ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་དགེ་ལུགས་དགོན་པའམ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པས་ཕེབས་བསུ་འཚམས་འདྲི་དང་ཞལ་ལག་གོ་སྒྲིག་ལྟར་སྤྱི་འཐུས་གསུམ་དང་། རང་ཚོགས་ཚོགས་གཙོ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འབྲེལ་ཡོད་མི་སྣ་བཅས་མཉམ་འཛོམས་ཐོག་བསམ་ཚུལ་ཁག་ལ་ལན་འདེབས་དང་ལམ་སྟོན་ལེགས་པར་གནང་།
ཚེས་ ༡༡ ཉིན་ཝཱ་ར་ཎ་སིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་རྣམ་པ་དང་། འཛིན་གྲྭ་གོང་འོག་གི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག་མི་མང་ཚོགས་འདུ་སྐོང་འཚོགས་གནང་བར། སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་ཝཱར་ཎ་གཙུག་ལག་སློབ་གཉེར་ཁང་གི་གལ་ཆེན་རང་བཞིན་དང་། རང་བདེན་ཚོགས་ཆུང་གི་བྱུང་རིམ། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་མདོར་བསྡུས་ཐོག ༸གོང་ས་མཆོག་གི་བཀའ་དྲིན་དང་མཛད་རྗེས་ངོ་སྤྲོད་སོགས་གནང་ཞིང་། སློབ་ཕྲུག་རྣམས་ནས་དྲི་བ་དྲིས་ལན་ཐོག་བགྲོ་གླེང་ལྷུག་པོར་གནང་།
སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ནས་ཝཱ་ར་ཎ་སཱིའི་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་སློབ་ཕྲུག་མང་པོ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཐོག་ཞབས་ཞུ་གང་ལེགས་གནང་མཁན་ཡིན་པ་དང་། སློབ་གྲྭ་འདི་ཉིད་ནི་རང་རེའི་བོད་པ་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་སའི་བསྟི་གནས་ཤིག་ཡིན་པ་སོགས་སློབ་གྲྭའི་མཛད་རྗེས་ལ་བསྔགས་བརྗོད། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཆེད་འཐབ་རྩོད་ནང་མཉམ་ཞུགས་བྱ་དགོས་གལ། རྒྱ་དཀར་ནག་སོ་སོས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བཙན་བྱོལ་ནང་དུ་གནས་པའི་གནད་དོན་ཁག་ཅིག་གལ་གནད་དུ་བཟུང་སྟེ་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་རྒྱས་པར་གནང་།
ཉིན་རྒྱབ་ས་གནས་དེར་ཡོད་ཀྱི་དགོན་སྡེ་ཁག་གསུམ་ལ་གཟིགས་སྐོར་གྲུབ་མཚམས་ཝཱ་ར་ཎ་སཱིའི་བོད་མིའི་སུད་ཚོང་སྐྱིད་སྡུག་ཏུ་རང་ཚོགས་ཚོགས་གཙོའི་ཕེབས་རོགས་འོག་མི་མང་ཆ་ཚང་འདུ་འཛོམས་ཐོག་སྤྱི་འཐུས་གཉིས་ནས་གོང་མཚུངས་བརྗོད་དོན་ཐོག་གསུང་བཤད་དང་། བསམ་ཚུལ་བརྗེ་ལེན། ཚོང་ཁང་གྲངས་ ༤༨ ལ་གཟིགས་སྐོར་དང་། འབྲེལ་ཡོད་རྣམས་དང་མཉམ་དུ་སྐྱིད་སྡུག་ཚོགས་པ་དེའི་གནས་སྟངས་རྒྱུས་ལོན་གྱིས་དཀའ་སེལ་མཇུག་སྐྱོང་དགོས་རིགས་དང་། ཐག་གཅོད་ལམ་སྟོན་བཅས་གནང་།
ཉིན་དེའི་དགོང་དྲོར་ཀོལ་ཀ་ཏ་ནས་ཝཱ་ར་ཎ་སཱི་བརྒྱུད་ལྡི་ལིར་བསྐྱོད་མཁན་གྱི་མེ་འཁོར་འཛིན་བྱང་ཉོས་ཡོད་ཀྱང་། གོང་མཚུངས་ལྟར་གནམ་གཤིས་ཀྱི་རྐྱེན་པས་དུས་ཚོད་ཕར་འགྱངས་ཀྱིས་ཚེས་ ༡༢ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་འབྱོར། ཕྱི་ཚེས་ ༡༣ ཉིན་བོད་ཀྱི་འགྲིམ་འགྲུལ་ཁང་དུ་ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་སྐབས་ཀྱི་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་འཛིན་བྱང་སོགས་ལ་རྩིས་རྒྱག་དང་། ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་ལྡི་ལི་ནས་རྡ་སར་ལམ་ཐོན་གྱིས་ཕྱི་ཚེས་ ༡༤ ཞོགས་པར་སྤྱི་འཐུས་རྣམ་པ་གཉིས་ལས་གནས་ཐོག་ལས་ཁུངས་སུ་ལས་བཅར་གནང་ཡོད།
ཐེངས་འདིའི་ཕྱོགས་བསྐྱོད་སྐབས་གྷོ་རག་པུར་བོད་མིའི་སུད་ཚོང་སྐྱིད་སྡུག་ནས་མགྲོན་ཁང་དང་། གྷོ་རག་པུར་ནས་ཝཱ་ར་ཎ་སཱིའི་བར་གྱི་མེ་འཁོར་གླ་གཏོང་གནང་དང་། དེ་བཞིན་ཝཱ་ར་ཎ་སཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་མགྲོན་ཁང་གླ་སུད་ཚོང་སྐྱིད་སྡུག་དང་སློབ་གྲྭ་བཅས་སོ་སོའི་ཁོངས་ནས་གཏོང་གནང་བཅས་བྱུང་བ་གཞུང་གྲོན་བསྲི་ཚགས་ལ་རམ་འདེགས་གནང་འདུག་པར་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།