བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༢༧ ཉིན་སྐབས་ ༡༧ པའི་ལྷོ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཨ་རིའི་ཁོ་ལོ་ར་ཌོ་ (Colorado) མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་ཤིང་། སྐབས་དེར་ཁོ་ལོ་ར་ཌོ་བོད་མིའི་སྤྱི་མཐུན་ཚོགས་པས་སྣེ་ལེན་ཕེབས་བསུ་དང་། དེ་རྗེས། ཚོགས་པའི་ཚོགས་ཁང་ནང་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་ཡོད།

སྐབས་དེར་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་གིས་ས་གནས་བོད་མིའི་གནད་དོན་དང་འབྲེལ་བའི་སྐོར་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ཅིག་ངོ་སྤྲོད། དེ་བཞིན་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གལ་གནད་དང་། ཚང་མས་བོད་ཀྱི་འཐབ་རྩོད་ཐོག་རང་ཁྲིའི་ལས་འགན་ཁུར་དགོས་པའི་འབོད་སྐུལ་ཞུས་གནང་འདུག གཞན་ཡང་སྤྱི་འཐུས་མཆོག་གིས་ཁོ་ལོ་ར་ཌོ་ཁུལ་ལ་གནས་སྡོད་བོད་རིགས་མང་ཚོགས་ནས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་ཀྱིས་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་བའི་ “བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར།”གཏན་འབེབས་ཡོང་རྒྱུའི་ཐོག་ཞུ་སྐུལ་གནང་དགོས་སྐོར་གསུངས་པ་མ་ཟད། ས་གནས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

གཞི་རྩའི་ལྷོ་བྱང་ཨ་རི་ཁུལ་དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་བཅས་ཀྱི་བོད་མི་མང་སྤྱི་འཐུས་རྣམ་པ་སོ་སོའི་ཁྱབ་ཁོངས་སུ་དེ་སྔོན་ས་བགོས་ཕྱོགས་བསྐྱོད་ཕེབས་ལམ་མེད་ནའང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྐབས་སུ་འབྲེལ་ཡོད་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་དབར་བཀའ་བསྡུར་སྔ་རྗེས་དང་། རིམ་པས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནང་དང་། འཛིན་སྐྱོང་བཅས་ཀྱི་ལྷན་བཀའ་བསྡུར་ཞུས་རྗེས། སྤྱི་འཐུས་ལས་ཡུན་རིང་ཁྱབ་ཁོངས་ས་གནས་སུ་ཐེངས་རེར་ས་བགོས་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་གཏན་ཁེལ་བ་ཞིག་ཆགས་ཀྱི་ཡོད། སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཟླ་བ་རྗེས་མའི་ནང་མུ་མཐུད་བྱང་ཨ་རིའི་ནུབ་ཁུལ་སོགས་ལ་ས་བགོས་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་བཅས། །