སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་འབྲས་ལྗོངས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༢༡ ཉིན་ཞོགས་པ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཐོན་ཏེ་སྦག་ཌོ་རར་གནམ་ཐང་དུ་ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཙམ་ལ་ཕེབས་འབྱོར་སྐབས། ར་ཝང་ལ་ཀུན་ཕན་གླིང་ས་འགོའི་ལས་དྲུང་མཁྱེན་རབ་བདུད་རྩི་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་རིག་འཛིན་རྒྱ་མཚོ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གནང་སྟེ་ལྷོ་འབྲས་ལྗོངས་ཀྱི་མངའ་ཁོངས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིའི་ཆགས་སུ་ཕེབས་འབྱོར་གནང་བ་དང་ས་གནས་འགོ་འཛིན་གྱིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་སྣེ་ལེན་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༢ ཞོགས་པ་ཆུ་ཚོད་ ༩ པ་ནས་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཞོན་ལྷན་དུ་ར་ཝང་ལ་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། རང་བདེན་ཚོགས་ཆུང་བཅས་ལས་ཁུངས་སོ་སོར་གཟིགས་སྐོར་གྱིས་ས་གནས་ཀྱི་སྤྱི་ཡོངས་གནས་སྟངས་ཐད་གཟིགས་ཞིབ་གནང་ཡོད་པ་དང་། སྔ་དྲོ་ཆུ་ཚོད་ ༡༠ པ་ནས་ཀུན་ཕན་གླིང་སམ་བྷོ་ཊའི་གཞི་རིམ་བར་མའི་ཉིན་སློབ་ཀྱི་དགེ་སློབ་ཡོངས་ནས་བོད་ལུགས་གཟབ་མཆོར་གྱི་རྒྱན་གོས་ལེགས་པར་སྤྲས་ཏེ་དཀར་གཙང་མཇལ་དར་རྔ་རོལ་དང་བཅས་པས་བཀུར་འོས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུའི་སྣེ་ལེན་གནང་ཡོད་འདུག དེའི་སྐབས་སྤྱི་འཐུས་རྣམ་གཉིས་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། ད་ལྟའི་བཙན་བྱོལ་ནང་གི་རང་སྐད་ཀྱི་གནས་སྟངས། དེ་བཞིན་སློབ་ཕྲུག་ཚད་ལྡན་ཞིག་ཡོང་བར་དགེ་རྒན་གཅིག་པུ་མ་ཡིན་པར་ཕྲུ་གུའི་ཕ་མ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་སོ་སོའི་བུ་ཕྲུག་གི་རྒྱུད་ལ་འཇགས་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་སློབ་གྲྭའི་ལྟ་གྲུབ་སློབ་དཔོན་གྱིས་གཙོས་པའི་དགེ་ལས་ ༡༣ དང་ལྷན་དུ་དམིགས་བསལ་བཞུགས་མོལ་ཚོགས་འདུ་བསྡུ་སྐོང་གིས་སློབ་གྲྭའི་སྤྱི་ཡོངས་གནས་སྟངས་དང་དམིགས་བསལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་རྩལ་ཐད་དགེ་ལས་ཚང་མས་འགན་འཁུར་སྔར་ལྷག་འབད་བརྩོན་གནང་དགོས་པའི་ལམ་སྟོན་ཞིབ་ཕྲ་གནང་འདུག

ཕྱི་ཚེས་ ༢༣ ཉིན་ཞོགས་པ་ཆུ་ཚོད་ ༩ དང་ཕྱེད་ནས་ཆུ་ཚོད་ ༡༢ དང་ཕྱེད་བར་ས་གནས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང་ས་གནས་མང་ཚོགས་ལྷན་མི་མང་ཚོགས་འདུ་འཚོགས་ཤིང་། ཐོག་མར་ར་ཝང་ལ་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་ནས་ད་ལན་ས་གནས་སུ་ཆེད་ཕེབས་གནང་བའི་སྤྱི་འཐུས་རྣམ་གཉིས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས་མང་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སུ་འདྲ་ཞིག་ས་གནས་སུ་ཕེབས་ཚེ་མི་མང་གི་ངོས་ནས་ཆེ་མཐོང་དང་གུས་བརྩི་དགོས་པ་མ་ཟད་ས་གནས་ཀྱི་བདེ་སྡུག་སྙན་སེང་ཞུ་རྒྱའི་གོ་སྐབས་བཟང་པོ་དེ་ཆུས་ཟོས་སུ་མ་ཕྱིན་པ་གནང་དགོས་པའི་ལམ་སྟོན་ཕེབས་གནང་ཡོད་འདུག

དེ་རྗེས་ཚོགས་འདུའི་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ལ་གསུང་བཤད་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ནས་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སྤྱི་དང་ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་ཚུགས་པ་ནས་ད་ལྟའི་བར་གྱི་འཕེལ་རིམ་སྐོར་མང་ཚོགས་ལ་གསུང་བཤད་གནང་། དེ་བཞིན་ས་གནས་སུ་ལོ་ཤས་སྔོན་ཉམ་ཐག་ཨང་ཐོབ་ཅན་གྲངས་ ༡༠༠ ཙམ་བྱུང་འདུག་ཀྱང་ད་ལྟའི་ཆར་ཉམ་ཐག་ཨང་ཐོབ་ཅན་གྲངས་ ༡༡ ལས་མི་འདུག་པར་གཞིས་ཆགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་འདུག་པར་ཚོགས་འདུའི་ཐོག་མང་ཚོགས་ལ་བསྔགས་བརྗོད་གནང་ཡོད་པ་མ་ཟད། རྣམ་ཀུན་ནས་གཞིས་མི་དཀའ་ངལ་དངོས་ཡོད་ཅན་ཚོར་ཉམ་ཐག་རོགས་རམ་དགོས་རྒྱུ་སྨོས་མེད་ཡང་། འཚོ་ཐབས་དེ་ཙམ་དཀའ་ངལ་མེད་ནའང་ཉམ་ཐག་ཁོངས་འཛུལ་རྒྱུར་དགའ་མོས་ཡོད་མཁན་ཡོད་ཚེ་དེ་ནི་བསམ་བློ་རྗེས་ལུས་དང་། མི་ཚེའི་འཚོ་བ་ཡར་རྒྱས་ཀྱི་བཀག་རྡོ་ཡིན་པས་ཀུན་སློང་དེ་རིགས་ངེས་པར་བསྒྱུར་བཅོས་གཏོང་དགོས་པའི་ལམ་སྟོན་དཔེ་མཚོན་དང་སྦྲགས་ཏེ་གོ་བཀོན་སློབ་གསོ་གནང་ཡོད་པ་དང་།  གཞན་ཡང་ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ་ལུང་འདྲེན་གྱིས་༸གོང་ས་མཆོག་སྐུ་ངལ་མང་ཙམ་གསོ་ཐུབ་པ་དགོས་རྒྱུ་བོད་མི་ཚང་མར་འགན་ཡོད་པ་མ་ཟད། འདས་ཟིན་པའི་གྲོས་ཚོགས་རིམ་པའི་ནང་གྲོས་ཚོགས་འཐུས་མི་རྣམས་ནས་དགོངས་ཚུལ་སྔ་རྗེས་མང་པོ་ཕེབས་ཡོད་པ་འབྲེལ་ཡོད་བདེ་སྲུང་བཀའ་བློན་མཆོག་ནས་གྲོས་ཚོགས་སུ་དགའ་ལྡན་ཕོ་བྲང་ལ་སྙན་སེང་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་ཁག་ངོ་སྤྲོད་དང་། ལྷག་པར་དེང་སང་བོད་པའི་སྤྱི་ཚོགས་ནང་གི་ཚོགས་སྒེར་སུ་ཡིན་རུང་༸གོང་ས་མཆོག་གདན་ཞུའི་གསོལ་འདེབས་ཞུ་རྒྱུ་ཉུང་དུ་བཏང་ནས་ཁོང་གི་བཀའ་སློབ་གང་ཕེབས་པ་སྙིང་བཅང་གིས་ལག་ལེན་བསྟར་རྒྱུ་མང་དུ་གནང་དགོས་པའི་གོ་བཀོན་ལམ་སྟོན་གནང་ཡོད་འདུག

དེ་ནས་མང་ཚོགས་ཀྱི་དྲི་བ་ཁག་གྲུབ་རྗེས་ར་ཝང་ལ་ཀུན་ཕན་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་རིག་འཛིན་རྒྱ་མཚོའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ས་གནས་མི་མང་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་གནང་བ་དང་། ཉིན་རྒྱབ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཞོན་ལྷན་སྤྱི་འཐུས་རྣམ་གཉིས་འབྲས་ལྗོངས་གནས་ཀྱི་ཡང་རྩེ་བཀྲ་ཤིས་ལྡིང་ལ་མཆོད་མཇལ་གྱིས་གནས་ཆེན་ཁག་ལ་མཇལ་ཕྱག་དང་ལྷན་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་གསོལ་འདེབས་སྨོན་ལམ་གང་ཤེས་གནང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཞོན་ལྷན་དུ་ར་ལང་དཔལ་ཆེན་ཆོས་གླིང་དང་། བོན་དགོན་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་། ཞི་བའི་ཚལ། ར་ལང་བཙུན་དགོན། བསམ་འགྲུབ་རྩེ་བཅས་སུ་མཆོད་མཇལ་གནང་སྟེ་ད་ལན་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་བོད་མི་མང་སྤྱི་འཐུས་ས་བགོས་ཕྱོགས་ཕེབས་ཀྱི་ལས་རིམ་ཡོངས་སུ་ལེགས་འགྲུབ་བྱུང་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་བཅས། །

Menu