བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་མུ་མཐུད་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་པ།

 

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༨ ཉིན་ནས་འགོ་འཛུགས་ཏེ། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༠ ཉིན་གདན་ས་ཆེན་པོ་སེ་ར་བླ་སྤྱི་དང་། གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་ལ་གནས་གཟིགས་དང་། ལུགས་བསམ་གཞིས་གྲོང་བདུན་པར་གཟིགས་སྐོར་བཅས་ཕེབས་འདུག


དེ་ཡང་ཕྱི་ཚེས་ ༢༠ ཉིན་སྔ་དྲོ་གདན་ས་ཆེན་པོ་སེ་ར་བླ་སྤྱི་དང་། གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་རིམ་པས་གནས་གཟིགས་ཕེབས་པ་དང་། སྐབས་དེ་དུས་སེར་བླ་སྤྱིའི་ཕྱག་མཛོད་དང་། གྲྭ་ཚང་གཉིས་ཀྱི་མཁན་པོ་གཙོས་པའི་གདན་ས་གཉིས་ཀྱི་ཕྱག་མཛོད་དང་ཁྲིམས་བདག་དགེ་བསྐོས་ཚོགས་ཆེན་དབུ་མཛད་སོགས་ལས་སྣེ་ལྷན་རྒྱས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་གནང་བ་དང་།

དེ་རྗེས་སེ་ར་བླ་སྤྱིའི་འདུ་ཁང་དུ་གདན་ས་ཆེན་པོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་གཙོས་པའི་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་དྲོ་ལུགས་བསམ་གཞིས་གྲོང་བདུན་པ་བོད་ནས་རྗེས་འབྱོར་བའི་ཞི་བདེ་གྲོང་སྡེར་གཟིགས་སྐོར་ཕེབས་འདུག་པ་དང་། སྤྱི་འཐུས་རྣམ་གཉིས་ནས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་མུ་མཐུད་ནས་ལས་རིམ་སྐྱོང་བཞིན་ཡོད་པ་བཅས།