བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་འགོ་འཛུགས་པ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེངྒ་ལོར་དང་། སྦེང་ལོར། མའེ་སོར་བཅས་ཀྱི་ནང་གཞུང་འབྲེལ་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༨ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༡༨ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་སྦེལ་ཀོབ་སཾ་བྷོ་ཊའི་སློབ་གྲྭའི་དགེ་ལས་ཡོངས་ཀྱིས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་རྗེས། དེ་གའི་དགེ་ལས་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་པ་དང་།

དེ་རྗེས་འབྲུག་དཀར་སྒྲུབ་བརྒྱུད་ཐོས་བསམ་དར་རྒྱས་གླིང་དགོན་པར་གནས་མཇལ་ལ་ཕེབས་ཏེ། དགོན་པའི་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་གནང་འདུག

དེ་ནས་རིམ་པས་གྷོ་ལ་ཐ་ལ་སཾ་བྷོ་ཊ་ཡན་ལག་སློབ་གྲྭ་དང་། སྔོན་འགྲོའི་སློབ་གྲྭ། ཀ་རུ་ན་ཕན་བདེ་དགའ་ཚལ་བཅས་སུ་གཟིགས་སྐོར་དང་།

ཕྱི་དྲོ་བརྩེ་ཆེན་ཆོས་འཁོར་གླིང་ས་སྐྱ་དགོན་པར་མཆོད་མཇལ་ཞུས་རྗེས། གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པར་གནས་མཇལ་ལ་ཕེབས་ཏེ། ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པའི་འགན་འཛིན་སྤྲུལ་སྐུ་ཆོས་དར་མཆོག་གིས་དབུས་པའི་དགོན་པའི་ལས་སྣེ་ལྷན་རྒྱས་ལ་མཇལ་འཕྲད་དང་།

དེ་རྗེས་དགོན་པའི་ཚོགས་ཁང་ཆེན་མོའི་ནང་གྲྭ་བཙུན་འདུས་མང་ཡོངས་ལ་གསུང་བཤད་གནང་འདུག་པ་བཅས།