
༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༦ ནས་ ༡༧ བར་སྦེང་ལོར་ཁུལ་གྱི་བོད་མིའི་སུད་ཚོང་ས་གནས་དང་། ཏཱ་ལའི་བླ་མའི་མཐོ་སློབ་བཅས་ལ་ཕེབས་ཏེ་མི་མང་སློབ་ཕྲུག་ཐུག་འཕྲད་དང་།

དེ་བཞིན་མའེ་སོར་མཐོ་སློབ་ཏུ་བོད་ཕྲུག་རྣམས་ཐུག་འཕྲད་ཀྱིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དང་། མའེ་སོར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༦ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལ་རྟེན་གཞི་བྱས་པའི་ཤི་ཝ་ན་གྷར་བོད་མིའི་ཁྲོམ་ས་དང་། དུ་བྷེ་པ་ལ་ཛཱ་གཉིས་ལ་རིམ་པས་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་འབྲེལ་ཡོད་ནས་ཕེབས་བསུའི་སྣེ་ལེན་དང་སྦྲགས་ས་གནས་བོད་མིའི་ཁྲོམ་ས་ཁག་ལ་གཟིགས་ཞིབ་དང། ཕྱི་དྲོ་སྦེང་ལོར་སྤྱི་མཐུན་མཉམ་འབྲེལ་ལ་གཟིགས་སྐོར་ཕེབས་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་དང་། སྦེང་ལོར་སྨན་རྩིས་མཐོ་སློབ་གཉིས་ལ་གཟིགས་སྐོར་ཕེབས་ཤིང་། སྐབས་སོ་སོར་འབྲེལ་ཡོད་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། དགེ་སློབ་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བཅས་བསྐྱངས་རྗེས།

ཕྱི་དྲོ་མའེ་སོར་མཐོ་སློབ་ཏུ་ཕེབས་ཏེ། དེ་གའི་བོད་པའི་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། སློབ་ཕྲུག་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་སྟེ། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དང་། མའེ་སོར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཅིང་། དེ་ནས་མུ་མཐུད་ཉིན་ཤས་རིང་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལས་རིམ་བསྐྱང་འཆར་ཡོད་པ་བཅས།
