བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་པ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་བསྟན་འཛིན་སྒང་དང་། འབུམ་ལ། རྟ་དབང་བཅས་ཀྱི་ནང་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༧ ནས་ ༡༨ བར་ཤིས་ལོངས་ཁུལ་གྱི་ལས་དོན་ཁག་གྲུབ་སྟེ་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༥ ཉིན་གྷོ་ཝ་ཧ་ཀྲི་བརྒྱུད་ཤིས་ལོངས་སུ་ཕེབས་ཐོན་གནང་བ་དང་། གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་མཚམས་ཤིས་ལོངས་ས་གནས་འགོ་འཛིན་ནས་སྣེ་ལེན་ཕེབས་བསུ་དང་། དེ་ནས་ཤིས་ལོངས་སུ་ཕེབས་འབྱོར་སྐབས། ས་གནས་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ་དང་དགེ་རྒན་བཅས་ནས་ཕེབས་བསུ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་ས་གནས་སམ་བྷོ་ཊ་སློབ་གྲྭའི་ནང་དེ་གའི་བོད་སློབ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཐོག་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་བཅར་གནང་ཞིང་། ཐོག་མར་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ལས་བྱེད་དང་ལས་ཟུར་རྣམ་པ་རྣམ་པ་བཅས་ལ་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་།        དེ་ནས་མཛད་སྒོ་དངོས་གཞི་ཚོགས་པའི་ཐོག སམ་བྷོ་ཊ་བོད་སློབ་སྐོར་ངོ་སྤྲོད་དང་། སློབ་གྲྭའི་ལས་བསྡོམས་སྙན་སྒྲོན། སློབ་ཕྲུག་རྣམ་པས་སྙན་ངག་གྱེར་འདོན་དང་རིག་གཞུང་གཞས་སྣ་འཁྲབ་སྟོན་བཅས་གནང་རྗེས། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་མ་འོངས་བོད་ཀྱི་སོན་རྩ་རྣམས་གལ་ཆེན་པོ་ཡིན་པ་དང་། ཁོང་རྣམས་ལ་ཤེས་ཡོན་ཡག་པོ་སྤྲོད་རྒྱུ་དེ་བས་གལ་ཆེན་པོ་ཡིན་པ། ཤེས་ཡོན་སློབ་སྦྱོང་ཡག་པོ་སྤྲད་ཐུབ་རྒྱུར་དགེ་རྒན་གལ་ཆེན་པོ་ཡིན་པ། དགེ་རྒན་གྱིས་སློབ་ཕྲུག་རྣམ་པར་སློབ་སྦྱོང་ཚད་ལྡན་ཞིག་སྤྲད་ཐུབ་རྒྱུར་མཐུན་རྐྱེན་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱས་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མཐུན་འགྱུར་རོགས་རམ་ཤུགས་ཆེན་པོ་གནང་གི་ཡོད་པ་རྣམས་དགེ་ལས་སློབ་ཕྲུག་བཅས་ཚང་མས་ཆུད་ཟོས་སུ་མ་འགྲོ་བ་གནང་དགོས་པའི་སྐོར་གསུང་བཤད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་སྟབས་ཕ་མས་སོ་སོའི་ཕྲུ་གུ་ཐོག་མ་ཉིད་ནས་གསོ་སྐྱོང་ཡག་པོ་གནང་དགོས་པ་དང་། ཕ་མ་དང་དགེ་རྒན་ངོས་ནས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་པ་ཙམ་མ་ཡིན་པར་སོ་སོའི་རྒྱལ་ཁབ་དང་། མི་རིགས་ཀྱི་ལ་རྒྱ་དང་། ཞེན་ཁོག་ཡོད་མཁན་ཞིག་བཟོ་ཐུབ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད། ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་གིས་གསུང་བཤད། མཐར་སམ་བྷོ་ཊ་སློབ་གྲྭའི་དགེ་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་དང་། དེ་ནས་སློབ་ཕྲུག་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། དེ་བཞིན་བོད་ཀྱི་ཆུ་བོ་དང་། རི། བྲག་སོགས་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་བའི་ཐོག་སྤྱི་འཐུས་རྣམ་པ་གཉིས་གཟིགས་སྐོར་ལ་ཕེབས་གནང་ཡོད་འདུག

ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་དང་། ཕྱོགས་བཞུགས་སྤྱི་འཐུས་མཆོག་བཅས་དགའ་ལྡན་ཆོས་འཁོར་གླིང་དགོན་པར་གནས་མཇལ་ལ་ཕེབས་ཤིང་། དེའི་སྐབས་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམ་པས་ཕེབས་བསུ་གཟབ་རྒྱས་དང་། ད་ལྟའི་ཆར་དགོན་པའི་ནང་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་བཅུ་དྲུག་ཕེབས་ཡོད་པ་དང་། དགེ་བཤེས་རྣམ་པས་དེ་གའི་དགོན་པའི་ནང་གཞི་གསུམ་གྱི་ཉམས་ལེན་ཚུལ་བཞིན་གནང་གི་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་བཞེད་ལྟར། ས་གནས་སུ་གནས་སྡོད་བོད་མི་ཙམ་མ་ཡིན་པར་དོན་གཉེར་ཅན་ཡོངས་ལ་ནང་ཆོས་ངོ་སྤྲོད། ལྷག་པར་དུ་དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཆོས་འཁོར་གླིང་དགོན་པའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། མ་འོངས་པར་ས་གནས་འདི་ནང་ཆོས་ཀྱི་བསྟི་གནས་ཤིག་ཏུ་འགྱུར་དགོས་པ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་གདན་ས་ཁག་ནས་མ་དངུལ་བསྡུ་རུབ་ཀྱིས་ད་ལྟའི་ཆར་ས་གནས་དེ་བཞིན་ནང་ཆོས་ཀྱི་བསྟི་གནས་ཤིག་འགྱུར་རྒྱུར། དགོན་སྡེ་ཆེན་པོ་ཞིག་གསར་བཞེངས་ཀྱི་ལས་གཞི་འགྲོ་མུས་ཡིན་པར་གཟིགས་ཞིབ་གནང་འདུག

ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་། དེ་ནས་ས་འཐུས་ཚོགས་གཙོ་ཡིས་གཙོས་པའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་བཅས་ཚང་འཛོམས་ཐོག་ས་གནས་ཀྱི་ལས་དོན་རྒྱུས་ལོན་དང་། དེ་རྗེས་ས་གནས་ཚོགས་ཁང་ནང་མི་མང་ཚོགས་འདུ་ཚོགས་ཤིང་། ཐོག་མར་ས་གནས་འགོ་འཛིན་གྱིས་ས་གནས་ཀྱི་ལས་དོན་ངོ་སྤྲོད་དང་སྦྲགས་ལས་བསྡོམས་སྙན་སྒྲོན་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་རྗེས། ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་ལེགས་གྲུབ་བྱུང་བ་དང་།

དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་རྗེས། ས་གནས་འགོ་འཛིན་ལས་ཁུངས་དང་། དེ་གའི་ས་ཆ་ཞིག་ཡོད་པ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

དེ་ཉིན་དགོང་དྲོ་ས་གནས་མི་མང་གི་ངོས་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་ཆེ་བསྟོད་ཀྱི་དགོང་ཚིགས་ཤིག་འདེགས་འབུལ་ཞུས་གནང་འདུག

ཕྱི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཤིས་ལོངས་ནས་གྷོ་ཝ་ཧ་ཀྲི་བརྒྱུད་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་ཀྱིས་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།