༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༤ ཉིན་སྔ་དྲོ་ཆུ་ཚོད་ ༠༩།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་མོན་རྟ་དབང་ནས་ཕེབས་ཐོན་གནང་སྟེ། མཎྜལ་སྒང་དུ་གསར་བཞེངས་གནང་བའི་མཆོད་རྟེན་བརྒྱ་དང་བརྒྱད་ལ་མཆོད་མཇལ་དང་། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་ཐུབ་བསྟན་མདོ་སྔགས་འོད་གསལ་དར་རྒྱས་གླིང་དགོན་པར་ཕེབས་ཤིང་། སྐབས་དེར་དགོན་པའི་ཕྱག་མཛོད་དང་། སློབ་དགེ་གཉིས་ཀྱིས་སྣེ་ལེན་ཐོག་མཆོད་མཇལ་དང་འབྲེལ་དགོན་པའི་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་འདུག
དེ་ཡང་ཐོག་མར་འདི་གའི་ཡུལ་མི་རྣམས་ལ་བཙན་བདུད་སོགས་ཀྱི་གནོད་པ་ཚབས་ཆེན་བྱུང་སྟེ་རིན་པོ་ཆེ་མཆོག་ལ་གསོལ་བ་བཏབ་པ་བཞིན། བར་ཆད་ལྡོག་ཐབས་སླད་གུ་རུའི་ལྷ་ཁང་འདི་གསར་བཞེངས་གནང་བ་ཞིག་ཆགས་ཀྱི་འདུག་པ་དང་། ལྷ་ཁང་འདི་བཞེངས་རྗེས་ཡུལ་འདིའི་གནོད་འཚེ་ཞི་བ་དང་། ཡུལ་མིའི་ཕྲུ་གུ་རྣམས་ལའང་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཤེས་ཡོན་སྤྲོད་པ་སོགས་ཕན་ཐོགས་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད་འདུག ད་ལན་སྤྱི་འཐུས་རྣམ་པ་གཉིས་གཞུང་འབྲེལ་ཐོག་འདིར་དངོས་སུ་གཟིགས་རྟོག་སླད་ཕེབས་མཁན་ཐོག་མ་ཆགས་ཀྱི་ཡོད་འདུག
ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་མོན་རྡོ་ར་སྤྱན་རས་གཟིགས་དགོན་པར་མཆོད་མཇལ་ལ་ཕེབས་པ་དང་། སྐབས་དེར་དགོན་པའི་ཕྱག་མཛོད་དང་། དགེ་རྒན་རྣམ་པས་ཕེབས་བསུ་དང་། གསོལ་ཇ་ཞལ་ཏོག་འདེགས་འབུལ། དེ་བཞིན་ཕྱག་མཛོད་ཀྱིས་དགོན་པའི་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་འདུག
མོན་ཡུལ་རྡོ་ར་སྤྱན་རས་གཟིགས་དགོན་པ་འདི་ཉིད་ཕྱི་ལོ་ ༢༠༡༨ ལོར་དགའ་ལྡན་བྱང་རྩེ་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་འཕེལ་རིན་པོ་ཆེ་མཆོག་རྡི་རང་དགོན་པའི་དབུ་འབྱེད་མཛད་སྒོར་ཕེབས་སྐབས། ས་གནས་འདི་རུ་དངོས་སུ་ཞབས་སོར་འཁོད་ནས་ཡུལ་ལུང་འདི་ཉིད་བོད་རིགས་ཀྱི་ནང་པ་ཤ་སྟག་ཡིན་པ་དང་། སྡེ་འདི་ལུང་པ་ཁུག་ཀྱོག་ཅིག་ཡིན་པ་མ་ཟད། ཡུལ་མི་ཉམ་ཆུང་གི་བྱིས་པ་མང་པོ་ཞིག་ཤེས་ཡོན་ཡག་པོ་མ་ཐོབ་པའི་དཀའ་ངལ་འཕྲད་བཞིན་པ་དངོས་སུ་གཟིགས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་པའི་ཆ་ཤས་ཙམ་བསྒྲུབ་ཐུབ་ན་དགོངས་ནས་ལུང་པ་འདིར་དགོན་པ་འདི་བཞེངས་པ་དང་། ཕྱི་ལོ་ ༢༠༢༢ ཟླ ༡༠ ཚེས་ ༢༧ ཉིན་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་འདུག
དུས་དེ་ནས་བཟུང་ད་བར་ལོ་ལྟར་བྱིས་པ་བརྒྱ་ཕྲག་བརྒལ་བར་ཤེས་ཡོན་དང་། དགོན་པའི་སློབ་གྲྭའི་དགེ་རྒན་དང་། སློབ་དེབ། ཞལ་ལག་སོགས་ཀྱི་མཐུན་རྐྱེན་ཡོངས་རྫོགས་མཁན་ཟུར་རིན་པོ་ཆེ་སྐུ་སྒེར་ངོས་ནས་འགྲོ་གྲོན་གནང་གི་ཡོད་པ་མ་ཟད། སློབ་ཕྲུག་དེ་དག་ལོ་རེ་བཞིན་ཡིག་ཚད་ཀྱི་ལམ་ནས་རྒྱུགས་སྤྲོད་གཏོང་བཞིན་ཡོད་པ་དང་། རྒྱུགས་འབྲས་རྩེར་སོན་རྣམས་ལ་ཧིན་སྒོར་ ༣༠༠༠ རེ་སོགས་བྱ་དགའ་གནང་བ་དང་། སློབ་མ་ཡོངས་རྫོགས་ལ་ཧིན་སྒོར་ ༧༠༠ རེ་དང་། སློབ་དེབ་སོགས་གནང་གི་ཡོད་འདུག ད་དུང་ཚེས་བཅུ་ཉེར་ལྔ་དང་། ཉ་སྟོང་བརྒྱད་གསུམ་སོགས་ལ་དེ་གའི་མི་མང་རྣམས་ལ་དགེ་བཤེས་རྣམ་པས་རེ་མོས་བཞིན་བླང་དོར་གལ་གནད་དང་། དགེ་སྡིག་སྤང་བླང་སོགས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་འདུག དགོན་སྡེར་མཆོད་མཇལ་ལ་ཕེབས་སྐབས། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ས་གནས་འགོ་འཛིན། ཁ་ལོ་བ་བཅས་ལ་མགྲོན་ཁང་དང་། ཞལ་ལག་སོགས་རིན་མེད་ཀྱི་གོ་སྒྲིག་གནང་བར་མ་ཟད། དགོན་པ་འདིར་གཞུང་འབྲེལ་གྱི་སྐུ་མགྲོན་ཕེབས་པ་ཐོག་མ་རེད་འདུག་པར། ཁོང་རྣམ་པས་དགའ་སྤྲོ་ཆེན་པོ་བྱུང་སོང་ཞེས་གསུངས་གནང་འདུག
སྤྱི་འཐུས་རྣམ་གཉིས་ཀྱིས་མཁན་ཟུར་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ས་འདིར་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་དར་སྤེལ་གྱི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་མུས་ལ་ཡི་རངས་ཞུས་པ་དང་། དགོན་སྡེའི་ལས་སྣེ་རྣམས་ལ་མ་འོངས་པར་ས་གནས་འགོ་འཛིན་དང་ལྷན་འབྲེལ་ལམ་གྱི་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་དགོས་གལ་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་སྤྱི་འཐུས་རྣམ་པ་གཉིས་གྷོ་ཝ་ཧ་ཊི་བརྒྱུད་ཤིས་ལོངས་སུ་ཕེབས་ཐོན་གྱིས་མུ་མཐུད་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་བསྐྱང་རྒྱུ་ཡིན་པ་བཅས།