བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་མོན་རྟ་དབང་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༠ ནས་ ༡༣ བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་ལ་གནས་མཇལ་དང་། ས་གནས་མི་མང་ཐུག་འཕྲད་གནང་བ་སོགས་རྟ་དབང་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་འབུམ་སྡེ་ལ་ཁུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༠ ཉིན་མོན་རྟ་དབང་ཕྱོགས་སུ་ཕེབས་ཐོན་གྱིས་ལམ་བར་དུ། རིམ་པས་མོན་དཔལ་སྤུངས་བྱང་ཆུབ་ཆོས་གླིང་དང་། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ཨོ་རྒྱན་གླིང་དགོན་པ་བཅས་ལ་གནས་མཇལ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཙུགས་པའི་ལྕགས་ཟམ་ལ་གཟིགས་སྐོར་བཅས་གནང་རྗེས། བཞུགས་གནས་རྟ་དབང་གཞུང་གི་མགྲོན་ཁང་ (Circuit House) ནང་ཕེབས་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། ས་གནས་སྨན་རྩིས་ཁང་གི་སྨན་པ་སོགས་ཀྱིས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་རིམ་པས་སངས་རྒྱས་ཚལ་གྱི་མཚོ་དང་། སྟག་ཚང་དགོན་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་ཐོག་མར་ རྒྱ་གར་བཙན་བྱོལ་ལ་ཕེབས་ཡུལ་ས་མཚམས་ཆུ་དྭངས་མོར་ཕེབས་ཏེ། དེའི་སྐབས་༧གོང་ས་མཆོག་རྒྱ་གར་དམག་མིས་ཕེབས་བསུ་ཞུས་རྗེས། ས་མཚམས་ལ་བཞུགས་སའི་བྲག་གི་ཐོག་ཕྱག་རྟེན་བཞག་སར་ངོ་མཚར་རང་བཞིན་སྐྱེས་པའི་ཤིང་སྡོང་། གོར་ཟམ་མཆོད་རྟེན། སྒྲོལ་མ་ལྷ་ཁང་བཅས་ལ་གནས་མཇལ་ཕེབས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་རྟ་དབང་དགོན་པར་ཕེབས་ཤིང་། སྐབས་དེར་རྟ་དབང་དགོན་པའི་ཕྱག་མཛོད་དང་། རྟ་དབང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་རྣམ་གཉིས་ཀྱིས་སྣེ་ལེན་ཐོག་དགོན་པར་གནས་མཇལ་དང་། དེ་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དགོན་པའི་ཕྱག་མཛོད་རྒན་གཞོན་དང་། དགེ་བསྐོས་བཅས་ཀྱི་སྣེ་ལེན་ཐོག་དེ་གའི་དགོན་པའི་ནང་གནས་མཇལ་དང་། དགོན་པའི་སློབ་གྲྭར་གཟིགས་སྐོར་གནང་རྗེས། ས་གནས་སྨན་རྩིས་ཁང་གི་ནང་གཟིགས་སྐོར་ཕེབས་ཏེ། དེ་གའི་སྨན་པ་དང་ལས་བྱེད་རྣམས་ལ་ཐུག་འཕྲད་གནང་ཡོད་འདུག

དེ་རྗེས་ས་གནས་རང་བཙན་ཚོགས་ཆུང་གི་ཚོགས་ཁང་ནང་རྟ་དབང་ཁུལ་ལ་ཡོད་པའི་ཁ་འཐོར་བོད་མི་རྣམས་འདུ་འཛོམས་ཀྱིས་ཚོགས་འདུ་བསྐོངས་ཤིང་། ཐོག་མར་རྟ་དབང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རབ་རྒྱས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། རིམ་པས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གསུང་བཤད་དང་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད། མཐར་ས་གནས་འགོ་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པ་གཉིས་འཕགས་བོད་གཉིས་ཀྱི་ས་མཚམས་ (Bumla Pass) དང་། ཆུ་མིག་བརྒྱ་རྩའི་ས་མཚམས་གཉིས་སུ་ཕེབས་ཏེ། རྒྱ་ནག་དམར་གཞུང་གི་དམག་མིའི་མདུན་དུ་བོད་རྒྱལ་ལོ། རྒྱ་གར་རྒྱལ་ལོ། ཞེས་སྐད་འབོད་གནང་འདུག གཞི་རྩའི་ས་མཚམས་ལ་ཕེབས་མཁན་རྣམས་ལ་འགྲེལ་བརྗོད་གནང་མཁན་རྒྱ་གར་གྱི་དམག་མིས་ས་མཚམས་སྐོར་ངོ་སྤྲོད་གནང་སྐབས། ས་མཚམས་དེ་དག་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པའི་སྐོར་དང་། རྒྱ་ནག་དམར་གཞུང་གིས་བརྩི་སྲུང་མ་བྱས་པར་ས་མཚམས་ཀྱི་མཐའ་སྐོར་བརྒལ་ཐབས་བྱེད་བཞིན་ཡོད་སྐོར། དེ་བཞིན་ས་མཚམས་ལ་ཡོད་པའི་སྒོ་བྱང་ཐོག་བོད་ལ་ཀི་ལོ་མི་ཊར་ ༡༠ ཡོད་ཅེས་པའི་ཡིག་ཐོག་བྲིས་ཡོད་པ་དང་། ཆུ་མིག་བརྒྱ་རྩའི་ས་མཚམས་སུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་གཉིས་བཞག་ཡོད་འདུག


གཞན་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་གུ་རུ་རིན་པོ་ཆེའི་གཏེར་ཆོས་ཆུ་མིག་བརྒྱ་རྩ་དེའི་འགྲམ་ལ་རྒྱ་གར་གཞུང་དང་། བོད་མིའི་སྒྲིག་འཛུགས་གང་ལའང་འབྲེལ་བ་མེད་པར་ལྷག་བསྡད་པའི་བོད་མི་ཁྱིམ་ཚང་དྲུག་ཡོད་པ་རྣམས་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་གནས་སྟངས་རྒྱུས་ལོན་བཅས་གནང་རྗེས། ཐེངས་འདིའི་རྟ་དབང་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ལེགས་པར་གྲུབ་སྟེ། བསྟན་འཛིན་སྒང་བརྒྱུད་ཤིས་ལོངས་ལ་ཕེབས་ཐོན་ཡོད་པ་བཅས།