བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་འབུམ་ལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་འབུམ་ལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།


དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༧ ཉིན་གྱི་དགོང་མོ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་དང་། ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་གཙོས་ས་འགོ་ལས་ཁུངས་ཀྱི་ལས་བྱེད། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ་གྱི་དྲུང་ཆེ་དང་ལས་བྱེད། ས་གནས་འཕྲོད་བསྟེན་ལས་ཁུངས། སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག གཞོན་ནུ་དང་བུད་མེད། གཞིས་གྲོང་ཁག་གི་བརྒྱ་དཔོན་རྣམ་པ། དེ་བཞིན་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག


ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཤིང་། སྐབས་དེར་དགོན་པའི་ཕྱག་མཛོད་ནས་སྣེ་ལེན་ཐོག་གྲྭ་ཚང་ནང་གནས་མཇལ་དང་། དེ་རྗེས་ས་གནས་ཚོགས་ཁང་ནང་མི་མང་བརྒྱ་ཕྲག་འདུ་འཛོམས་ཐོག ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སྐོར་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་དང་། བོད་དོན་འཐབ་རྩོད་ཐོག་སྤྱི་ཡོངས་ཀྱི་འགན་འཁྲི་ཁུར་ཕྱོགས་ཐོག་གསུང་བཤད་བཅས་གནང་རྗེས། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད། དེ་ནས་ས་འཐུས་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མི་མང་གི་ཚོགས་འདུ་ལེགས་པར་གྲུབ་ཡོད།


དེ་རྗེས་ས་གནས་འགོ་འཛིན་གཙོས་པའི་ས་འགོ་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ། ས་གནས་འཕྲོད་བསྟེན་ལས་ཁུངས། སམ་བྷོ་ཊ་སློབ་གྲྭ། ས་གནས་གཞོན་ནུ་བུད་མེད། གཞིས་གྲོང་ཁག་གི་བརྒྱ་དཔོན་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། ས་གནས་ཀྱི་བདེ་སྡུག་དང་འབྲེལ་བའི་ཐོག་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག


ཉིན་གུང་ཆུ་ཚོད་ ༢།༠༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས། དེ་གའི་དགེ་ལས་སློབ་ཕྲུག་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཤིང་། སློབ་གྲྭའི་འཛིན་ཁང་ཁག་དང་། ལྷག་པར་དུ་མངའ་སྡེའི་གཞུང་གིས་མཐུན་འགྱུར་གནང་བའི་སློབ་གྲྭའི་ཉལ་ཁང་ཐོག་རྩེག་གསུམ་ཅན་སོགས་ལ་གཟིགས་ཞིབ་གནང་བ་དང་། མཐར་སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་གནང་རྗེས། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་། ས་འཐུས་ཚོགས་གཙོ་དང་ལྷན་ཚོགས་འདུ་ཚོགས་གནང་། དགོང་དྲོ་ས་གནས་ཀྱི་གཞིས་འགོ་དང་། མཉམ་འབྲེལ། འཕྲོད་བསྟེན་ལས་ཁུངས་བཅས་གསུམ་གཙོ་བོར་གྱུར་བའི་ས་གནས་ཀྱི་ཚོགས་སྡེ་ཡོངས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ལ་ཆེ་བསྟོད་ཀྱི་དགོང་དྲོའི་གསོལ་སྟོན་བཤམས་གནང་སྟེ། ཐེངས་འདིའི་བསྟན་འཛིན་སྒང་གཞིས་ཆགས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་པ་བཅས།