བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ཤྲི་ན་གྷར་དང་། དཀར་འཁྱིལ། ལ་དྭགས་སླེ་རུ་གཟིགས་སྐོར་ཕེབས་པ།

༄༅། ། ཕྱི་ལོ་༢༠༢༣ ཟླ་ ༦ པའི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་བཞུགས་སྒར་རྡ་ནས་ཕེབས་ཐོན་གྱིས་ཅན་རྡི་གྷར་བརྒྱུད་ཤྲི་ན་གྷར་ལ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༢༦ ཉིན་ཤྲི་ན་གྷར་བོད་རིགས་སློབ་གྲྭ་དང་། བོད་རིགས་ཁ་ཆེའི་གཞིས་ཆགས་ཁག་གསུམ་བཅས་ལ་གཟིགས་སྐོར་གནང་བ་དང་། ཕྱི་ཚེས་ ༢༧ ཉིན་དཀར་འཁྱིལ་ལ་ཕེབས་ཏེ། བོད་པའི་ཁྲོམ་ས་ཁག་ལ་གཟིགས་སྐོར་གནང་ཞིང་།

ཕྱི་ཚེས་ ༢༨ ཉིན་ལ་དྭགས་སླེ་རུ་ཕེབས་འབྱོར་བྱུང་རྗེས། ཕྱི་ཚེས་ ༢༩ ཉིན་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། དེ་བཞིན་དཔལ་ལྡན་རུ་ཐོག་ཆོས་སྡིངས་གྲྭ་ཚང་དང་། ཀརྨ་སྒྲུབ་བརྒྱུད་ཆོས་གླིང་དགོན། གཡུང་དྲུང་ལྷ་རྩེ་བོན་དགོན། ༧རྒྱལ་བའི་ཕོ་བྲང་ཞི་བའི་ཚལ་བཅས་ལ་མཇལ་བཅར་ཞུས་པ་དང་། ཕྱི་དྲོ་ས་གནས་བོད་རིགས་མི་མང་ལ་གསུང་བཤད་གནང་ཡོད་འདུག

སྤྱི་འཐུས་རྣམ་པ་གཉིས་ཀྱིས་མུ་མཐུད་ནས་ལ་དྭགས་སླེ་དང་བྱང་ཐང་ས་ཁུལ་སོགས་ལས་རིམ་སྐྱོང་བཞིན་ཡོད་པ་བཅས། །