བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ལ་དྭགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་སླེ་རུ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་དང་བོད་གཉིས་དབར་ལོ་རྒྱུས་ཐོག་མི་རིགས་དང་སྐད་ཡིག་གཅིག་ཡིན་པ་ལྟར་དུས་ད་ལྟ་ཡང་ལ་དྭགས་མི་མང་དང་བོད་མིའི་དབར་སེམས་ཐག་ཉེ་པོའི་ཐོག་གནས་ཡོད་པ་དང་། ཁྱད་པར་དུ་ལ་དྭགས་མངའ་གཞུང་ནས་ས་གནས་བོད་མི་ཚོར་གཟིགས་རྟོག་ཆེན་པོ་གནང་བཞིན་ཡོད་པ་དང་། དེ་བཞིན་འདི་ལོར་རྒྱ་ནག་གཞུང་གི་ངན་ཇུས་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུས་སྐབས། ལ་དྭགས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བ་བཅས་ལ་བཀའ་དྲིན་ཆེ་ཞུས་པ་དང་། ཆབས་ཅིག་མ་འོངས་པར་དེ་ལྟར་མུ་མཐུད་གཟིགས་རྟོག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག སྐབས་དེར་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས་ཀྱང་ལ་དྭགས་མི་མང་ལ་མཐུན་རྐྱེན་དང་རོགས་རམ་གང་ཡོད་ས་གནས་བོད་མི་རྣམས་ལའང་གཅིག་མཚུངས་སུ་ཐོབ་ཐབས་གང་ཡོང་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་བཅས། །