བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་གཞིས་ཆགས་ཁག་བཞི་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢ ནས་ ༦ བར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དང་། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། ས་ཊོན་ཁམས་ཀཿ ཐོག ཀུམ་རའོ་སྒ་པ་གཞིས་ཆགས་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་པར་གྲུབ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢ ཉིན་རྒྱབ་བོན་གཞིས་ཌོ་ལན་ཇི་གཞིས་ཆགས་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་ཕེབས་འབྱོར་མཚམས། ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་། ས་འཐུས་ཚོགས་གཞོན། ས་གནས་རང་བདེན་ཚོགས་གཙོ། ཞ་ལུ་དགོན་པའི་སྐུ་ཚབ། ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། སྤྱི་མི་བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད། སྨན་རྩིས་ཁང་གི་འགན་འཛིན། འཕྲོད་བསྟེན་སྨན་ཞབས་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་འདུག

ཕྱི་ཚེས་ ༣ ཉིན་ནས་ས་གནས་ནང་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ས་གནས་སྨན་རྩིས་ཁང་དུ་གཟིགས་སྐོར་དང་། དེ་བཞིན་༧དཔལ་ཞ་ལུ་དགོན་པར་མཆོད་མཇལ་གནང་ཞིང་། དེའི་སྐབས་དགོན་པའི་དབུ་འཛིན་ནས་སྣེ་ལེན་དང་སྦྲགས། དགོན་པའི་བྱུང་རིམ་སྐོར་སྙན་སེང་ཞུས་ཡོད་པ་དང་།

དེ་ནས་རིམ་པས། བཟོ་ཚོགས་ལས་ཁུངས་དང་། ས་གནས་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། ས་འཐུས་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཁང་།  ལྷ་མོ་ཚོགས་པའི་ལས་ཁུངས། གཞིས་མིའི་ལས་ཁུངས། བྱ་སྒྲོའི་རྩེད་ཐང་གསར་པ།  རླུང་རྟ་དཔར་ཁང་། འཐུང་ཆུ་བཟོ་བསྐྲུན་ཁང་། གསར་རྒྱག་གནང་བཞིན་པའི་གྲོས་མོལ་ཚོགས་ཁང་།  ས་གནས་འགོ་འཛིན་ལས་ཁུངས།  སྤོན་ཊ་སམ་བྷོ་ཊ་གཏན་སློབ་དང་། གཞི་རིམ་འོག་མའི་སློབ་གྲྭ་སྒོ་བརྒྱབ་ཟིན་པ་ཁག སྔོན་འགྲོ་འཛིན་གྲྭ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག་པ་དང་།

གཞན་ཡང་ཕྱོགས་བསྐྱོད་སྐབས་ས་གནས་འགོ་འཛིན་དང་། སློབ་གྲྭའི་དགེ་ཆེའི་ལྷན། སྤྱི་འཐུས་རྣམ་གཉིས་ནས་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་བབ་ཐོག་བཀའ་བསྡུར་ལྷུགས་པོ་གནང་འདུག

ཉིན་རྒྱབ་སྤོན་ཊ་ཆོལ་གསུམ་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་བཤད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་བོད་མིའི་གནས་བབ་སྐོར་གསུང་བཤད་གནང་རྗེས། སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་གཞུང་འབྲེལ་ལས་རིམ་ཁག་མཇུག་བསྒྲིལ་གནང་ཡོད།

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་སྤོན་ཊ་ས་འགོ་དགེ་ལེགས་འཇམ་དབྱངས་ལགས་དང་ལྷན། སྤྱི་འཐུས་རྣམ་པ་གཉིས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་ཕེབས་ཐོན་གནང་ཞིང་།  ས་གནས་སུ་འབྱོར་མཚམས། དེ་གའི་ས་གནས་འགོ་འཛིན་དང་། ཚོགས་པའི་དྲུང་ཆེ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་བུད་མེད་ལྷན་ཚོགས་དང་། གཞོན་ནུ་ལྷན་ཚོགས། སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས།

དེ་རྗེས་རིམ་པས། ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་ཚོགས་ལས་ཁུངས། ས་འཐུས་ལས་ཁུངས། ཚོགས་ཁང་།  ༧དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དགོན་དུ་མཆོད་མཇལ།  ས་གནས་གཞོན་ནུ་དང་ས་གནས་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས། སམ་བྷོ་ཊ་ཉིན་སློབ། འཆི་མེད་སྨན་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད།

གཞན་ཡང་དེ་ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཟུར་པ་དགེ་འདུན་རིན་ཆེན་ལགས་རྣམ་གཉིས་ཀྱི་བཞུགས་གནས་སུ་ཆེད་བཅར་གྱིས་འཚམས་འདྲི་ཞུས་གནང་ཡོད་འདུག

ཉིན་རྒྱབ་གཞིས་ཀེམ་མི་མང་ཚོགས་ཁང་དུ་ས་གནས་མང་ཚོགས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་རྗེས། སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕྱིར་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ས་ཊོན་ཁམས་ཀཿ ཐོག་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསོད་ནམས་དབང་འདུས་ལགས་སྣེ་ལེན་ཕེབས་བསུར་བཅར་བ་དང་།  དེ་རྗེས་ས་ཊོན་ཁམས་ཀཿ ཐོག་གཞིས་ཆགས་སུ་ཕེབས་ཐོན་གནང་ཞིང་། ས་གནས་སུ་འབྱོར་མཚམས། དེ་གའི་ས་འཐུས་ཚོགས་གཞོན་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞིས་མི་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག

དེ་རྗེས། སྔ་འགྱུར་རྙིང་མ་དགོན་པའི་འདུ་ཁང་དུ་མཆོད་མཇལ་དང་། སྐབས་དེར་དགོན་པའི་དབུ་འཛིན་གྱིས་སྣེ་ལེན་དང་སྦྲགས། དགོན་པའི་འབྱུང་རིམ་སྐོར་སོགས་སྙན་སེང་ཞུས་འདུག དེ་རྗེས། གཞིས་ཆགས་ཀྱི་ཀེམ་ཆེ་བ་དང་། ཆུང་བ་བཅས་གཉིས་དང་། གཞིས་ལས་ཁང་། ཁམས་ཀཿཐོག་ཚོགས་པའི་ལས་ཁུངས། ས་གནས་རང་ཚོགས་ལས་ཁུངས། ས་གནས་སྨན་ཁང་། ས་འཐུས་ཚོགས་ཁང་། དམག་ཟུར་ལས་ཁུངས་བཅས་ལ་རིམ་པས་གཟིགས་སྐོར་དང་།

ཕྱི་དྲོ་ས་གནས་མང་ཚོགས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཀུམ་རའོ་སྒ་པ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཐོག་ཀུམ་རའོ་གཞིས་ཆགས་སུ་ཕེབས་ཐོན་གནང་ཞིང་། ས་འགོ་ལས་ཁུངས་ཀྱི་མདུན་ཐང་དུ་ཕེབས་འབྱོར་སྐབས། སྒ་སྐྱེ་རྒུ་དགོན་གྱི་དབུ་འཛིན་དང་དགེ་འདུན་པ་རྣམ་པ། སློབ་གྲྭའི་དགེ་སློབ་རྣམ་པ། ས་གནས་མི་མང་བཅས་ནས་སྣེ་ལེན་ཞུས་གནང་འདུག

སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཐོག་མར་སྒ་སྐྱེ་རྒུ་དགོན་ས་ངོར་ཆོས་ཚོགས་བརྩེ་ཆེན་བསམ་འགྲུབ་གླིང་དགོན་དུ་མཆོད་མཇལ་དང་།

དེ་ནས་རིམ་པས། ས་གནས་འགོ་འཛིན་ལས་ཁུངས་དང་། ས་འཐུས་ལས་ཁུངས། ས་གནས་རང་ཚོགས་ལས་ཁུངས། སྒ་པ་བདེ་དོན་ཚོགས་པའི་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། གཞི་རིམ་སློབ་གྲྭ། ཉི་ཧོང་གཞུང་གིས་རོགས་རམ་གནང་བའི་གཙང་འཕྲོད་ཀྱི་ལས་གཞི་བཅས་ལ་གཟིགས་སྐོར་གནང་ཡོད།

ཉིན་རྒྱབ་གཞིས་སྤྱི་ཚོགས་ཁང་ནང་ས་གནས་མང་ཚོགས་འདུ་འཛོམས་ཐོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་གནས་བབ་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་རྗེས། གོང་འཁོད་གཞིས་ཁག་བཞིའི་ནང་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །