བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་ཀྱི་གཞིས་ཆགས་སུ་འཚམས་གཟིགས་ལེགས་གྲུབ་དང་། བོད་མི་གནས་ཡུལ་ཁ་ཐོར་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆགས་པའི་མེའོ་ཆོས་འཕེལ་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་ཀྱི་གཞིས་ཆགས་དང་། ཁ་ཐོར་མི་མང་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨ་རུ་ན་ཅཱལ་མངའ་སྡེའི་གྲོང་ཁྱེར་རྡིབ་རུ་གྷར་(Dibrugarh) ཞེས་པའི་གནམ་ཐང་དུ་ཕེབས་འབྱོར་སྐབས། མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་རྡོ་རྗེ་ལགས་རྣམ་གཉིས་ནས་སྣེ་ལེན་ཕེབས་བསུ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༤༠ ཐོག་མེའོ་ཆོས་འཕེལ་གླིང་དུ་ཕེབས་འབྱོར་སྐབས། ས་གནས་ཀྱི་གནད་ཡོད་མི་སྣ་དང་། མི་མང་བཅས་ཀྱིས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ཀྱིས་ཕྱི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་། མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ས་གནས་སྨན་ཁང་། རྒས་གསོ་ཁང་། མཉམ་འབྲེལ། དེ་བཞིན། ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་། ཞིང་ཆུ་འདྲེན་གཏོང་ལས་གཞི་(MI Tank Site)བཅས་ལ་གཟིགས་སྐོར་གནང་ཡོད་པ་མ་ཟད། སམ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་སྐོར་གནང་སྐབས། འཛིན་རིམ་མཐོ་བའི་སློབ་ཕྲུག་ཚོས་འཁྲབ་ཆས་གྱོན་ཏེ། རུ་བསྒྲིགས་རྔ་རོལ་དང་བཅས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། སློབ་སྤྱིའི་ལས་ཚབ་ཀརྨ་ཚེ་བརྟན་ལགས་ཀྱིས་རེ་སྐུལ་ཞུས་དོན་ལྟར། དགེ་ལས་ཡོངས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ཀྱིས་མེའོ་ཆོས་འཕེལ་གླིང་གི་སློབ་གྲྭ་དེ་བཞིན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་གནང་ཚུན་ལ་སློབ་མའི་སྤྱི་ཡོངས་ཀྱི་ཤེས་སྤྱོད་དང་། ལྷག་དོན་དུ་བོད་པའི་སྐད་ཡིག་རིག་གཞུང་ཐོག་སྔར་ལྷག་གི་གྲུབ་འབྲས་ལེན་ཐུབ་གནང་དགོས་སྐོར་གསུངས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་གཞིས་ཆགས་ཚོགས་ཁང་དུ་མི་མང་ ༢༠༠ མ་ཟིན་ཙམ་འཛོམས་པའི་ཐོག སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་བཅས་ཀྱི་ཐོག་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་ཆུ་ཚོད་ ༢ རིང་གནང་ཡོད་འདུག

ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པ་སྤྱི་འཐུས་རྣམ་པ་གཉིས་མེའོ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོས་ཕེབས་སྐྱེལ་འོག་རླངས་འཁོར་བརྒྱུད་ (Kongmu-Kham) ཞེས་པར་ཕེབས་འབྱོར་སྐབས། ཏེ་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་དང་། ས་འཐུས་ཚོགས་གཙོ་བསྟན་འཛིན་རྣམ་གྲོལ་ལགས་རྣམ་གཉིས་ནས་ཕེབས་བསུ་དང་། སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་ཀྱི་གནད་ཡོད་མི་སྣ་དང་། མི་མང་བཅས་ནས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ ཉིན་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡ ཉིན་བཅས་ཉིན་གཉིས་རིང་། ཏེ་ཛུ་གཞིས་ཆགས་དང་། ས་གནས་འཐུས་ཚོགས། མཉམ་འབྲེལ། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་། སམ་བྷོ་ཊ་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད་པ་དང་། དེ་བཞིན་༧རྒྱལ་བའི་ཕོ་བྲང་མདུན་ཐང་དུ་མི་མང་ཚོགས་འདུ་དང་། དེའི་རྗེས་སླར་ཡང་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་ཏེ་ཛུ་ས་གནས་འགོ་འཛིན་གྱི་ཕེབས་སྐྱེལ་འོག་རླངས་འཁོར་བརྒྱུད་ (Pasighat) ཞེས་པར་ཕེབས་འབྱོར་སྐབས། ཀྲུ་ཀྲིང་ས་གནས་འགོ་འཛིན་རིག་འཛིན་རྡོ་རྗེ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་དོན་འགྲུབ་ལགས་རྣམ་གཉིས་ནས་ཕེབས་བསུ་དང་། ཉིན་དེའི་དགོང་མོ་དབྱིངས་སྐྱོང་ (Yingkiong) ཞེས་པར་ཞག་བཞུགས་གནང་སྟེ། ཕྱི་ཚེས་ ༢ ཉིན་ཀྲུ་ཀྲིང་གཞིས་ཆགས་ནང་ཕེབས་འབྱོར་སྐབས་ས་གནས་ཀྱི་གནད་ཡོད་མི་སྣ་དང་། མི་མང་བཅས་ཀྱིས་ཁ་བཏགས་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་འདུག

ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གཉིས་རིང་། སྤྱི་འཐུས་རྣམ་གཉིས་ནས་ཀྲུ་ཀྲིང་ཁྱབ་ཁོངས་ཀོ་པུ་ (Kopu) དང་། བོ་ན།(Bona) དགེ་གླིང་། (Gelling) བི་ཤིང་། (Bishing) ནོར་བུ་གླིང་(Norbuling) བཅས་ཀྱི་ཁ་ཐོར་མི་མང་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ས་གནས་ཁ་ཤས་ལ་ཉིན་ཕྱེད་རིང་རླངས་འཁོར་དང་། དེ་ནས་ཉིན་ཕྱེད་རིང་ཞབས་ཐང་དུ་ཕེབས་ཏེ། ས་གནས་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་གནང་ཡོད་པ་རེད། ཀྲུ་ཀྲིང་ས་ཁུལ་ནི་བོད་ཀྱི་ལྷོ་ཕྱོགས་པདྨ་བཀོད་དང་ས་འབྲེལ་ཆགས་ཡོད།

ཕྱི་ཚེས་ ༥ དང་ ༦ བཅས་ཉིན་གཉིས་རིང་། སྤྱི་འཐུས་རྣམ་གཉིས་ཉེ་རིང་ (Nyering) དང་། སྨྱུག་ཁང་། (Nyukong) དཔལ་དབྱིངས་སྡེམ། (Payingdem) མན་གྷོ་ཊ། (Mankota) ཡོར་དུང་ (Yortong) བཅས་ཀྱི་ཁ་ཐོར་མི་མང་ལ་འཚམས་གཟིགས་དང་། མི་མང་བདེ་སྡུག་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཀྲུ་ཀྲིང་ཁུལ་གྱི་གཞིས་གྲོང་ལཱ་ལི་བྷ་སི་ཊི་ (Lalibasti) དང་། ཨེལ་སི་ལེན། (Alc Line) པི་ཨ་ཡི་ལེན། (Piline) བྷེ་ཧརེ་ལེན།(Bihariline) དེ་བཞིན་ཡན་ལག་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་མི་མང་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་བཅས་བསྐོངས་ཏེ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། ཞོར་དུ་པདྨ་བཀོད་པ་ཚོས་རང་གི་ཡུལ་སྐད་ཤེས་གལ་ཆེ་ཡང་། བོད་པའི་སྐད་ཡིག་རིག་གཞུང་ཤེས་དགོས་པ་དང་། ལྷག་དོན་དུ་ནང་ཆོས་དང་བླ་མ་མཁན་པོ་དགེ་བཤེས་རྣམ་པའི་གསུང་ཡོངས་རྫོགས་བོད་སྐད་ནང་ཡོད་སྟབས། བོད་པའི་སྐད་ཡིག་རིག་གཞུང་ལ་སྦྱང་བརྩོན་གནང་གལ་ཆེ་སྐོར་འབོད་སྐུལ་ཞུས་ཡོད་འདུག

ཀྲུ་ཀྲིང་ཁུལ་གྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་རྗེས། ས་གནས་མི་མང་གིས་སྤྱི་འཐུས་རྣམ་གཉིས་ལ་གསོལ་སྟོན་གོ་སྒྲིག་ཞུས་པའི་ཐོག་གཞོན་སྐྱེས་ཚོས་པདྨ་བཀོད་པའི་འཁྲབ་གཞས་དང་། སྐོར་གཞས་སོགས་གཟིགས་འབུལ་ཞུས་ཡོད་འདུག

ཕྱི་ཚེས་ ༨ ཉིན་ནས་སྤྱི་འཐུས་རྣམ་གཉིས་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་དང་། ཁ་ཐོར་བོད་མི་ཚོང་པ་ཚོར་འཚམས་གཟིགས་མཇུག་སྐྱོང་གནང་འགོ་བཙུགས་ཡོད་འདུག་པ་བཅས། །

Menu