བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ནས་ ༨ བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཟླ་ ༡ པའི་ཚེས་ ༥ ཉིན་སྤྱི་འཐུས་རྣམ་པ་གཉིས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་མཚམས། འདི་གའི་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་དྲུང། ས་གནས་མཉམ་འབྲེལ་ལས་ཁུངས་ཀྱི་ཚོགས་གཙོ་དང་མཉམ་དྲུང། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། ས་གནས་སྨན་རྩིས་ཁང་འགན་འཛིན། ས་གནས་བུད་མེད་ལྷན་ཚོགས་དང། སམ་བྷོ་ཊའི་སློབ་གྲྭའི་སྐུ་ཚབ། ས་གནས་གྲོང་སྡེ་ ༢༢ ཀྱི་བརྒྱ་དཔོན་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

 


དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་འཆར་གཞི་བཟོ་འགོད་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་ཚོགས་ཏེ། ས་གནས་སུ་ཛ་དྲག་དགོས་མཁོ་ཡོད་པའི་ལས་གཞི་ཐོག་བཀའ་བསྡུར་གནང་འདུག

ཕྱི་ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ཀོ་ལི་གྷལ་མི་མང་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་ཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། རིམ་པས་རྫོགས་ཆེན་དགོན་པ་དང་། བླ་མ་མཁྱེན་ནོ་དགོན་པ་བཅས་གཉིས་ལ་མཆོད་མཇལ་དང། དེ་བཞིན་ས་གནས་རྒས་གསོ་ཁང་དང་།

ས་གནས་འཕྲོད་བསྟེན་སྨན་ཁང། ས་གནས་འཐུས་ཚོགས་ལས་ཁུངས། ས་གནས་རང་དབང་བདེན་པའི་ལས་ཁུངས། ས་གནས་ལྷ་མོ་རུ་ཁག་ལས་ཁུངས། ས་གནས་སྨན་རྩིས་ཁང། སློབ་གྲྭ། གཞིས་མཉམ་གཉིས་ཀྱི་ལས་ཁུངས། ཤིང་ནགས་དང་ཞིང་སའི་མཚམས་སུ་གླང་ཆེན་གྱི་གནོད་འཚེ་ལས་སྲུང་སྐྱོབ་ཆེད་ས་དོང་དྲུས་པ་བཅས་ལ་གཟིགས་སྐོར་ཕེབས་གནང་རྗེས། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ཐེངས་འདིའི་གཞུང་འབྲེལ་ལས་རིམ་ཁག་མཇུག་བསྒྲིལ་གནང་ཡོད་པ་བཅས།