བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ཡུ་རོབ་འཇར་མན་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ཡུ་རོབ་འཇར་མན་རྒྱལ་ས་བྷར་ལེན་ནང་གཞུང་གི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༤ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེའི་ཚོགས་འདུའི་ཐོག་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ནས། རྒྱ་གཞུང་གིས་བོད་ས་ཁུལ་ཡོངས་ལ་གཏན་འཇགས་སློབ་གྲྭ་གསར་འཛུགས་དང་འབྲེལ་བའི་གནད་དོན་དང་། བོད་ཡིག་སློབ་གྲྭ་ཁག་བཙན་ཤེད་ཐོག་སྒོ་བརྒྱབ་པའམ་ཡང་ན་སྐད་གཉིས་སློབ་གྲྭའི་ངོ་བོའི་ཐོག་འགྱུར་བ་བཏང་ནས་བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོས་དང་བཟོ་བཞིན་ཡོད་པའི་སྐོར། རྒྱ་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ངན་ཇུས་བཤམས་བཞིན་ཡོད་པ། བོད་ནང་གི་ཁོར་ཡུག་གཏོར་བཤིག འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་དང་སྦྲགས། འཇར་མན་གཞུང་གིས་དེ་འབྲེལ་གྱི་གནད་དོན་ཁག་ལ་དོ་སྣང་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ནན་པོ་ཞུས་པ་དང་། ཆབས་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སྐབས་འཇར་མན་གཞུང་གིས། བོད་ནང་རྒྱ་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭ་དང་། སྡེ་དགེ་ཁུལ་གྱི་ཆུ་མཛོད་ལས་གཞིའི་ཐོག་ཐུགས་འཚབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མུ་མཐུད་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་། གནས་ཚུལ་རྫུན་སྤེལ་བྱེད་བཞིན་པར་གདོང་ལེན་གནང་དགོས་པའི་འབོད་སྐུལ་བཅས་ཞུས་འདུག

ཕྱི་ཚེས་ ༥ ཉིན་འཇར་མན་ཡུ་གུར་ཚོགས་པའི་བྷར་ལེན་ཁུལ་གྱི་ཚོགས་གཙོ་ཧཡེ་ཡུར་ཀུར་བྷིན་(Haiyuer Kuerbin, the Berlin Office Director of World Uyghur Congress) ལགས་དང་ཐུག་འཕྲད་གནང་སྟེ། ཞུ་སྐུལ་གྱི་ལས་འགུལ་སྤེལ་ཕྱོགས་དང་། ཐུན་མོང་གི་དམིགས་ཡུལ་ཐོག་དགོངས་ཚུལ་བརྗེ་ལེན་གནང་བ་དང་། དེ་རྗེས་འཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཅར་ལེ་སི་ ཌུ་ ཝི་ནཱ་ཇི་ (Charles du Vinage) ལགས་དང་། ཨེ་ཤི་ཡ་སྡེ་ཚན་གྱི་ལས་བྱེད་ཌ་ནཡེ་ལ་ ས་ཁཱ་ (Daniela Sacca) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས། བོད་ནང་གི་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། དེ་གའི་འགན་འཛིན་མཆོག་ནས་འཇར་མན་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་ཐོག་ལ་གཟིགས་ཕྱོགས་དང་ཐུགས་སྣང་གནང་སྟངས། མ་འོངས་གནང་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་གསལ་པོ་གནང་བ་མ་ཟད། འཇར་མན་གཞུང་གིས་བོད་ཀྱི་གནད་དོན་ཛ་དྲག་དང་གལ་གནད་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལུགས་དང་། དེ་སྔ་ཡུ་གུར་གྱི་གནད་དོན་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་ལས་བོད་དོན་ལ་དེ་ཙམ་གྱིས་དོ་སྣང་གནང་གི་མེད་པའི་གནས་སྟངས་དང་། ད་ལྟའི་ཆར་འཇར་མན་ནང་བོད་དོན་ལ་དོ་སྣང་དང་། རྒྱབ་སྐྱོར་གནང་མཁན་མང་དུ་འགྲོ་བཞིན་ཡོད་པའི་སྐོར་སོགས་གསུངས་འདུག

དེ་རྗེས་རིམ་པས་འཇར་མན་དབུས་གཞུང་གི་ཆོས་དད་རང་དབང་དམིགས་བསལ་ལས་ཁུངས་ཀྱི་འགན་འཛིན་ཨན་ཀེ་ ཨོ་པར་མན་ (Anke Oppermann, Director and head of the Officer of Federal Government Commissioner for Freedom of Religion) མཆོག་དང་། གཞན་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་བཙན་ཤེད་ཐོག་དགོན་པའི་སློབ་གྲྭ་སྒོ་བརྒྱབ་བཅུག་པ་དང་། དགོན་སྡེ་གཏོར་བཤིག་བཏང་བ་སོགས་དཔེ་མཚོན་གྱིས་བོད་ནང་ཆོས་དད་རང་དབང་མེད་པ་སོགས་ཀྱི་སྐོར་ཞུས་པ་དང་། དེ་བཞིན་འཇར་མན་བཅའ་སྡོད་ཐའེ་ཝན་གཞུང་ཚབ་སྐུ་ཞབས་ཤེ་ཀྲི་ཝའེ་ (Prof Dr. Jhy-Wey Shieh, Representative of Taiwan in Germany) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར་ངོ་སྤྲོད་གནང་འདུག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་གྱི་དགོང་མོ་རྒྱལ་ས་ལྡི་ལི་ནས་འཇར་མན་རྒྱལ་ས་བྷར་ལེན་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢ ཉིན་ས་གནས་སུ་ཕེབས་འབྱོར་སྐབས། སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དོན་གྲུབ་ལགས་ཀྱིས་གཙོས་ཚོགས་མི་རྣམ་པས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། དགོང་མོ་ས་གནས་བོད་རིགས་ཚོགས་པས་ཕེབས་བསུའི་གསོལ་སྟོན་བཤམས་པ་དང་། དེའི་སྐབས་སྤྱི་འཐུས་རྣམ་གཉིས་ནས་ས་གནས་བོད་རིགས་མི་མང་རྣམས་ལ་སྤྱི་འཐུས་རྣམ་པ་གཉིས་ད་ཐེངས་འཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ནང་གཞུང་འབྲེལ་བོད་དོན་ཞུ་སྐུལ་ལ་ཕེབས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་ཀྱི་སྐོར་འགྲེལ་བརྗོད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཡེ་ མུ་ལར་ (ICT Germany Executive Director Kai Mueller) ལགས་དང་ལྷན་མཇལ་འཕྲད་གནང་བ་དང་། སྐབས་དེར་ཁོང་གིས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་བྱེད་ཕྱོགས་དང་། འཇར་མན་དང་རྒྱ་ནག་དབར་གྱི་འབྲེལ་ལམ། འཇར་མན་ནང་གི་ཆབ་སྲིད་གནས་སྟངས་སྐོར་ངོ་སྤྲོད་དང་། ཡུལ་འདིར་བོད་དོན་ཞུ་སྐུལ་བྱེད་ཕྱོགས་ཐད་ལ་ལམ་སྟོན་དགོངས་འཆར་ལྷུག་པོ་གནང་འདུག་པ་མ་ཟད། སྤྱི་འཐུས་རྣམ་གཉིས་ཀྱིས་ཀྱང་དེ་དང་འབྲེལ་ནས་ཁོང་དང་ལྷན་དགོངས་ཚུལ་བརྗེ་རེས་གནང་བ་དང་། དགོང་དྲོ་སྐུ་ཞབས་ཁོང་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པ་དང་། དེའི་སྐབས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ (Namri Dagyab) ལགས་ཀྱང་ལྷན་བཅར་གནང་འདུག་པ་བཅས།