བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་སྦིར་ས་གནས་སུ་ལི་ལི་བོད་མིའི་གྲོང་སྡེ་གསར་བཞེངས་གྲུབ་པའི་དབུ་འབྱེད་ཀྱི་མཛད་སྒོར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་ཕེབས་པ།

DSCN0091ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་སྦིར་ས་གནས་སུ་ལི་ལི་བོད་མིའི་གྲོང་སྡེ་གསར་པ་དབུ་འབྱེད་གནང་ཡོད། དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོར་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ཕེབས་གནང་ཡོད་པ་དང་། ད་དུང་མཛད་སྒོར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམས་གཉིས་དང་། སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཏུ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཆེད་ཕེབས་གནང་ཡོད་ལ། ས་གནས་སུ་གནས་བཞུགས་སོགས་སྤྱི་འཐུས་རྣམས་པ་ཁག་ཅིག་མཛད་སྒོར་མཉམ་ཞུགས་གནང་ཡོད། དེའི་ཐོག་སྦིར་སྡེ་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམས་ཀྱི་གཙོས་བོད་འབྱོར་སྐྱིད་སྡུག་གི་འཐུས་མི་དང་སྡོད་ཁང་ཐོབ་མི་རྣམས་བཅས་ཚང་འཛོམས་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྔ་དྲོ་ཆུ་ཚོད་ ༡༠ པར་སྦིར་ལི་ལི་བོད་མིའི་གྲོང་སྡེ་གསར་པ་དབུ་འབྱེད་གནང་བ་དང་། གསར་དུ་བསྐྲུན་པའི་ཁང་ཁྱིམ་ཁག་ལ་གཟིགས་ཞིབ་གནང་། དེ་རྗེས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་རྟེན་འབྲེལ་མཇལ་དར་དང་། སྐུ་མགྲོན་རྣམས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་ཏེ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས། སྦིར་ལི་ལི་བོད་མིའི་གྲོང་སྡེ་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ངོ་སྤྲོད་གསུང་བཤད་ཐོག་མི་མང་ཉམ་ཐག་ཚོར་འཛིན་སྐྱོང་གི་ངོས་ནས་སྔ་ཕྱི་བར་གསུམ་ལ་འབད་བརྩོན་གནང་ནས་མི་མང་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་སྣ་ཚོགས་བསྐྲུན་ཡོད་པ་དང་། ད་ལན་ལི་ལི་བོད་མིའི་གྲོང་སྡེ་གསར་པའི་གྲུབ་འབྲས་དེ་དག་ཀྱང་ཨི་ཀྲ་ལི་ལི་ཚོགས་པ་དང་སྒྲོལ་མ་ཐེབས་རྩ་ཚོགས་པ་གཉིས་ནས་གཙོ་བོ་རོགས་རམ་གནང་སྟེ་ཧ་ལམ་སྒོར་འབུམ་ ༧༠༠ ཙམ་སོང་ཡོད། རོགས་ཚོགས་སམ་སྤྱིན་བདག་གི་མིང་ལ་ལི་ལི་ཞུ་གི་ཡོད་པས་ཁོང་གི་འདོད་འདུན་བཞིན་གྲོང་སྡེའི་མིང་ལ། ལི་ལི་བོད་མིའི་གྲོང་སྡེ་གསར་པ་ཞེས་བཏགས་པ་རེད། རོགས་ཚོགས་ཚོའི་ཐུགས་དགོངས་བཞིན། ཁང་པ་བདག་སྐྱོང་དང་བེད་སྤྱོད་ལེགས་པོ་ནང་ཁུལ་མཐུན་སྒྲིལ་སོགས་བྱེད་རྒྱུ་ཁྱེད་རང་ཚོར་འགན་ཡོད་པས་ངེས་པར་དུ་གཙང་སྦྲ་སོགས་ལ་དོ་སྣང་བྱེད་དགོས། ད་དུང་ཡང་ལྷོ་ཕྱོགས་དང་ཌེ་ར་ལྡུན་ཁུལ་དུ་བོད་ནས་གསར་དུ་ཕེབས་མཁན་མང་པོ་ཡོད་པ་དང་། ཁོང་རྣམས་ཀྱིས་ཀྱང་གཞིས་ཁང་གསར་སྐྲུན་གྱི་མཐུན་རྐྱེན་སྦྱོར་དགོས་པའི་རེ་སྐུལ་མང་པོ་འབྱོར་བཞིན་ཡོད་ལ། བཀའ་ཤག་གི་ངོས་ནས་ཀྱང་གང་དགའ་ཅི་ལེགས་ཀྱིས་གྲོས་བསྡུར་ལམ་ནས། དཀའ་སེལ་གྱི་ཐབས་ལམ་འཚོལ་བཞིན་ཡོད་སྐོར་སོགས་གསུངས་ཡོད།

         DSCN0070དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཐོག་མར་བོད་ནས་གསར་དུ་འབྱོར་མཁན་ཚོར་གཞིས་ཆགས་གསར་སྐྲུན་གྱི་ཀུན་སློང་ཇི་ལྟར་བྱུང་བ་དང་། བར་དུ་ས་ཆ་ཉོས་པ། དེ་ནས་ལམ་བཟོ་དང་རིམ་གྱིས་རོགས་ཚོགས་ཚོའི་བཀའ་དྲིན་ལ་བརྟེན་ནས་ཁང་ཁྱིམ་འཛུགས་སྐྲུན་གྱི་ལས་གཞི་རྣམས་ཡོངས་སུ་གྲུབ་པའི་སྐོར། ད་དུང་ཡང་བོད་ནས་ཕེབས་མཁན་ཁང་ཁྱིམ་གྱི་མཐུན་རྐྱེན་སྦྱོར་དགོས་ས་མང་པོ་ཡོད་ཅིང་། བཀའ་ཤག་འདིའི་ཐོག་ནས་བོད་ནས་གསར་དུ་ཕེབས་མཁན་ཚོར་སློབ་སྦྱོང་དང་ལག་ཤེས། ཆབ་སྲིད་བཙོན་ཟུར་ཚོར་སྡོད་ཁྱིམ་གསར་རྒྱག ཨོ་སི་ཀྲེ་ལི་ཡར་བོད་མི་ཆབ་སྲིད་བཙོན་ཟུར་སོགས་མང་ཙམ་བཏང་ཐུབ་པ་སོགས་གང་ཐུབ་ཅི་ཐུབ་བྱས་དང་བྱེད་བཞིན་ཡོད་པ་དེ་དག་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་ཐུབ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་སྐོར་སོགས་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མ་མཐུད་ནས་གསུངས་དོན། ཚང་མས་ཁང་པ་ལ་བདག་གཅེས་དང་ནང་ཁུལ་མཐུན་སྒྲིལ། ཁྲིམས་དང་སྒྲིག་གཞི་ལ་སྲུང་བརྩི། དམིགས་སུ་བཀར་ནས་ཡུལ་མི་ཚོར་མཐུན་ལམ་དང་ཡུལ་ཁྲིམས་ལ་སྲུང་བརྩི་བྱེད་དགོས་སྐོར། འཛམ་གླིང་འདིའི་ཐོག་སྲིད་གཞུང་གང་འདྲ་ཞིག་ཡིན་རུང་། རྒྱ་གར་གཞུང་ལས་ལྷག་པ་བོད་མི་ཚོར་བཀའ་དྲིན་ཆེ་བ་མེད་པས། ཡུལ་མི་ཚོར་སྣང་ཆུང་སོགས་གཏན་ནས་བྱེད་མི་རུང་། ཁང་པ་འདིའི་རོགས་ཚོགས་ཁག་གཟིགས་ཞིབ་ཏུ་ཕེབས་མིན་ལ་མ་ལྟོས་པར། གཙང་སྦྲ་ལེགས་པོ་བྱེད་དགོས་རྒྱུ་ནི། སྤྱི་སྒེར་གཉིས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པས་ངེས་པར་དུ་གཟབ་གཟབ་བྱེད་དགོས་ཞེས་བཀའ་སློབ་ཞིབ་རྒྱས་གནང་།

         དེ་ནས་ནང་སྲིད་དྲུང་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། ཁང་བཟོ་བ་ཡུལ་མི་གཉིས་ལ་ཐུགས་རྗེ་ལེགས་འབུལ་གནང་། དེ་ནས་གྲོང་སྡེ་གསར་པའི་འབྲེལ་ཡོད་འཐུས་མིས་སྔ་ཕྱི་བར་གསུམ་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་རྣམས་ལ་གཟིགས་སྐྱོང་གནང་ཡོད་སྐོར་དང་། གྲོང་སྡེའི་གྲུབ་ཆ་ནི་ཆོལ་ཁ་གསུམ་གྱི་བོད་མི་ཡོད་པ་དང་ཚང་མའི་ཕ་མ་དང་གཉེན་ཚན་འབྲེལ་ཡོད་བོད་དུ་ཡོད་པས། གཟིགས་སྐྱོང་འདིས་ཕྱི་ནང་གཉིས་ཀ་ཆིག་སྒྲིལ་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ། ཁོང་ཚོས་ལྷ་རིས་དང་འཚེམས་བཟོ་སོགས་བྱས་ཏེ་རིག་གཞུང་བདག་གཅེས་དང་རང་ཁ་རང་གསོ་བྱེད་བཞིན་ཡོད་སྐོར། བོད་ནས་འབྱོར་མཁན་ཚོར་གཞིས་ཁྱིམ་གསར་སྐྲུན་གསར་གཏོད་ཀྱི་ལས་གཞི་ལེགས་གྲུབ་ལ་ནམ་ཡང་བཀའ་དྲིན་ཆེ་ཞུ་མཚོན་ཆེད་དུ། དཔལ་ལྡན་སྲིད་སྐྱོང་མཆོག་དང་ནང་སྲིད་བཀའ་བློན་མཆོག དྲུང་ཆེ་བཅས་གསུམ་ལ་ཞལ་ཐང་རེ་ལེགས་སྐྱེས་སུ་ཕུལ་ཡོད།

         མཛད་སྒོའི་མཐའ་མར་ལི་ལི་གྲོང་སྡེའི་ནང་ ABCD སྡེ་ཚན་བཞི་རུ་བགོས་ཡོད་པའི་འཐུས་མི་ཚོ་བརྒྱུད་ནས། ཁང་ཁྱིམ་གསར་པའི་ལྡེ་མིག་བཀྲིས་མཇལ་དར་གྱིས་བཏུམས་ནས་རྩིས་སྤྲོད་གནང་། དེ་ནས་ཉིན་གུང་གསོལ་ཚིགས་དང་བསྟུན་ནས་ཆོལ་ཁ་གསུམ་གྱི་གཞས་དང་ཞབས་བྲོ་སོགས་གླུ་གར་འཁྲབ་སྟོན་གནང་ནས་མཛད་སྒོ་གྲུབ་རྗེས་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སྦིར་ནས་རྡ་སར་ཕེབས་ཐོན་གནང་བ་བཅས་ཀྱི་གནས་ཚུལ་དུ།།

DSCN0058

IMG_3365

Menu