བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་དགོན་དང་། པུ་ནེ་བཅས་སུ་ཕྱོགས་ཕེབས་གནང་བ།

 

 

27 དགའ་ལྡན་དུ་གཏམ་བཤད་སྐབས།བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིསལོ་གཉིས་དང་ཕྱེད་ཕྱི་མའི་ས་བགོས་བརྗེ་སྒྱུར་བྱས་ཁོངས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་དགོན་དང་། པུ་ནེ་བཅས་སུ་ཕྱོགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༥ ཉིན་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་ཤི་ལོངས་ནས་གནམ་ཐོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྡ་ས་ནས་འགྲུལ་འཁོར་བརྒྱུད་ལྡི་ལིར་ཕེབས།

ཚེས་ ༡༧ ཉིན་ཐོ་རངས་སྤྱི་འཐུས་གཉིས་ལྡི་ལི་ནས་གནམ་ཐོག་བརྒྱུད་པུ་ནེ་ (Pune) རུ་ཐོན་པ་དང་།

སྔ་དྲོ་ཆུ་ཚོད་ ༧།༠༠ པུ་ནེ་རུ་འབྱོར། སྐབས་དེར་ཨ་མདོ་ཤར་པའི་སྨན་པ་པ་སངས་སྟོབས་ཆེན་ལགས་ཀྱིས་ཕེབས་བསུ་གོ་སྒྲིག་འོག པུ་ནེར་གནས་སྡོད་བོད་མི་སྨན་པ་དང་། ཚོང་པ། བཟོ་གྲྭའི་ལས་བྱེད། སློབ་ཕྲུག་བཅས་མི་གྲངས་ ༡༥ ཙམ་འདུ་འཛོམས་བྱུང་བ་དང་ལྷན་ཐོག་མར་རང་གཞན་སོ་སོའི་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་གཉིས་འདིར་ཡོང་དགོས་དོན། གཞན་ཡང་ཆབ་སྲིད་དང་འཛིན་སྐྱོང་གི་གནས་སྟངས་སྐོར། བོད་མི་སོ་སོའི་རང་འཁྲིའི་ལས་འགན་ཁུར་ཕྱོགས། ས་གནས་འདིར་བོད་མི་རྣམས་ལ་དཀའ་ངལ་ཇི་ཡོད་སྐོར་བཅས་ལ་ཕན་ཚུན་གོ་བསྡུར་སྦྱངས་བཤད་ཞིབ་ཕྲ་གནང་།

2 མོན་གྷོ་གཞིས་གྲོང་གཉིས་པའི་མི་མང་ལྷན།ཚེས་ ༡༨ ཉིན་སྨན་པ་པ་སངས་སྟོབས་ཆེན་གྱི་སྒེར་གཉེར་སྨན་ཁང་ལ་རྟོག་ཞིབ་དང་། སྨན་ཁང་གི་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་སོགས་གནང་། ཉིན་རྒྱབ་པུ་ནེ་ནས་མེ་འཁོར་ནང་ཧུབ་ལི་ཕྱོགས་སུ་ཕེབས།

ཚེས་ ༡༩ ཐོ་རངས་ཧུབ་ལི་རུ་འབྱོར། སྐབས་དེར་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་མཆོག་གིས་ཕེབས་བསུ་ཞུས་པ་དང་། ཉིན་རྒྱབ་ནས་མོན་གྷོ་འདོད་རྒུ་གླིང་གི་ས་འཐུས་ལས་ཁང་དང་ཚོགས་ཁང་ལ་རྟོག་ཞིབ། ས་འཐུས་རྒྱུན་ལས་རྣམས་ལ་ཐུག་འཕྲད་ཀྱིས་གནས་སྟངས་དང་བསམ་འཆར་ཁག་ལ་གསན་ཞིབ་གནང་སྟེ་སྐབས་བསྟུན་གསལ བཤད་དགོས་རིགས་མཐིལ་ཕྱིན་གནང་། དེ་ནས་གཞིས་ལས་ཁང་དང་མཉམ་འབྲེལ་ལས་ཁུངས་སུ་གཟིགས་སྐོར་གནང་བ་མ་ཟད། ལས་བྱེད་རེ་རེ་བཞིན་ལ་ཐུག་འཕྲད་གནང་། དེ་ནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་སུ་ཕེབས་ནས་བདེ་སྡུག་ལ་གསན་ཞིབ་གནང་བ་དང་། མཉམ་འབྲེལ་གྱི་ཡན་ལག་འཛུགས་སྐྲུན་དང་སྡེ་ཚན་ཁག་གི་ལས་གཞི་སོ་སོར་རྟོག་ཞིབ། ས་གནས་འཕྲོད་བསྟེན་སྨན་ཁང་དང་སྨན་རྩིས་ཁང་མ་ལག་གཉིས་སུ་གཟིགས་སྐོར་ཕེབས།12 ས་འཐུས་ལ་ཟབ་སྦྱོང་སྐབས།

ཚེས་ ༢༠ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དང་། མགོན་ཁང་། དགའ་ལྡན་ཕོ་བྲང་ཕྱོག ལས་རྣམ་རྒྱལ་གྱི་༸རྒྱལ་བའི་ཕོ་བྲང་བཅས་སུ་མཆོད་མཇལ་ཞུས་པ་དང་། རིམ་བཞིན་འབྲས་སྤུངས་བློ་གསལ་གླིང་དང་། འབྲས་སྤུངས་སྒོ་མང་། ས་སྐྱ་དགོན་པ། རྭ་སྟོད་གྲྭ་ཚང་། བཀའ་བརྒྱུད་འབོ་དཀར་དགོན། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་དང་། དགའ་ལྡན་ཤར་རྩེ། དགའ་ལྡན་བྱང་རྩེ། རྙིང་མ་དགོན་པ་བཅས་ཀྱི་འདུ་ཁང་དང་མགོན་ཁང་བཅས་སུ་མཆོད་མཇལ་ཞུས། ཉིན་རྒྱབ་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་འདུ་ཁང་དང་མགོན་ཁང་ལ་མཆོད་མཇལ། རྒས་གསོ་ཁང་དུ་གཟིགས་སྐོར་དང་རྒན་རྒོན་རེ་རེ་བཞིན་ལ་ཐུག་འཕྲད་ཀྱིས་གནས་སྟངས་རྒྱུས་ལོན། གྲོང་སྡེ་དང་པོའི་སྤྱི་ཁང་དུ་བརྒྱ་དཔོན་གཙོས་འགན་ཁུར་བ་རྣམས་ཐུག་འཕྲད་དང་། ཕྲུ་གུའི་རང་སྦྱོང་ཁང་དུ་རྟོག་ཞིབ། གྲོང་སྡེ་དང་པོ་རང་ངོས་ནས་རོགས་དངུལ་ཐབས་འཚོལ་གྱིས་གྲོང་སྡེ་དང་པོ་ནས་དགའ་ལྡན་བར་འཁོར་ལམ་སྤུས་བཟོ་བྱེད་བཞིན་འདུག་པར་རྐང་བགྲོད་ཀྱིས་རྟོག་ཞིབ། གྲོང་སྡེ་དགུ་པའི་སྤྱི་ཁང་དུ་བརྒྱ་དཔོན་དང་། གྲོང་སྡེ་ལྷན་ཚོགས། ཤེས་ཡོན་འགན་ཁུར་བ་སོགས་འདུ་འཛོམས་ཀྱིས་བདེ་སྡུག་ཞུས་རིགས་ལ་གསན་ཞིབ་གནང་སྟེ་སྐབས་བསྟུན་གསལ་བཤད་དང་ལམ་སྟོན་གནང་། གྲོང་སྡེ་གསུམ་པའི་སྤྱི་ཁང་ཡོད་སར་བརྒྱ་དཔོན་ལྷན་གྲོང་སྡེའི་གནས་སྟངས་ཁག་ལ་རྒྱུས་ལོན་གནང་། དེ་རྗེས་གྲོང་སྡེ་གསུམ་པའི་སྤྱི་ཁང་ནང་བོད་འབྱོར་སྐྱིད་སྡུག་གི་འགན་ཁུར་བ་དང་མི་མང་རྣམས་ཀྱི་ལྷན་ཁོ་རང་ཚོར་དེ་སྔོན་དཀའ་ངལ་ཇི་འཕྲད་དང་། ད་ལྟའི་གནས་སྟངས། མ་འོངས་པའི་རེ་འབོད་ཁག་ལ་གསན་ཞིབ་གནང་སྟེ། མཐར་སྐབས་བསྟུན་གྱི་དྲི་བ་རྣམས་ལ་ལན་འདེབས་དང་། ལམ་སྟོན། མ་འོངས་པར་འགན་ཁུར་བྱ་ཕྱོགས་ཀྱི་སློབ་གསོ་གནང་།

ཚེས་ ༢༡ ཉིན་གྲོང་སྡེ་གཉིས་པའི་སྤྱི་ཁང་དུ་བརྒྱ་དཔོན་སོགས་འགན་ཁུར་བ་རྣམས་ཀྱི་ལྷན་གྲོང་སྡེའི་གནས་སྟངས་ལ་རྒྱུས་19 མི་མང་ཚོགས་ཆེན་སྐབས།ལོན་གནང་བ་དང་། མཐོ་ལྡིང་དགོན་པའི་རྩ་ཆེའི་ནང་རྟེན་ཁག་ལ་མཇལ་ཁ་ཞུས། གྲོང་སྡེ་བཞི་པའི་སྤྱི་ཁང་དུ་བརྒྱ་དཔོན་ལྷན་གྲོང་སྡེའི་གནས་སྟངས་ལ་རྒྱུས་ལོན། མོན་གྷོ་ནོར་བུ་རིར་བསང་གསོལ་གཏོང་ཡུལ་དུ་འཁོར་ལམ་གསར་བཟོ་བྱས་འདུག་པར་གཟིགས་བསྐོར། གྲོང་སྡེ་ ༦།༧།༨ སྤྱི་ཁང་དུ་བརྒྱ་དཔོན་གྱིས་བདེ་སྡུག་ཞུས་རིགས་ལ་ཉན་ཞིབ་དང་རྒྱུས་ལོན། དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་། ད་ལན་དགོན་སྡེ་ཁག་དང་གྲོང་སྡེ་སོ་སོར་ཆེད་ཕེབས་སྐབས་ས་གནས་འགོ་འཛིན་མཆོག་ཆེད་བཅར་གནང་ཡོད་པ་དང་། ཉམ་ཐག་སོགས་མི་སྒེར་ལ་དམིགས་བསལ་ཐུག་འཕྲད་གནང་མེད་ཀྱང་། ས་གནས་འགོ་འཛིན་དང་གྲོང་སྡེ་སོ་སོའི་བརྒྱ་དཔོན་ཁག་ལ་གནས་སྟངས་འདྲི་བརྩད་དང་། མགོན་མེད་ཉམ་ཐག་རིགས་མ་ལྷག་པ་དགོས་གནས་ཞུས། ཉིན་རྒྱབ་ནས་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་ས་གནས་འགོ་འཛིན་མཆོག་དང་། ས་འཐུས་ཚོགས་གཞོན་གྱིས་དབུས་པའི་འཐུས་མི་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་གཙོས་དབུས་པའི་འཐུས་མི་རྣམ་པ། མཉམ་འབྲེལ་ཚོགས་གཙོ་དང་འགན་ལྷན་འཐུས་མི་རྣམ་པ། འཕྲོད་བསྟེན་འགན་འཛིན་དང་སྨན་པ། སྨན་རྩིས་ཁང་ཁག་གཉིས་ཀྱི་འགན་འཛིན། གཞིས་མཉམ་འཕྲོད་གསུམ་གྱི་ལས་བྱེད་རྣམ་པ། དགོན་སྡེ་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ། གྲོང་སྡེ་ཁག་གི་བརྒྱ་དཔོན་རྣམ་པ། སློབ་གྲྭའི་དགེ་ཆེ་དང་སློབ་དགེ། བོད་ཁྱིམ་སློབ་གྲྭའི་ཉལ་ཁང་འགན་འཛིན། ལྷན་ཚོགས་ཀྱི་ཚོགས་གཙོ། པདྨ་ཚལ་སྡོད་ཁང་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་བཅས་ལྷན་བཞུགས་མོལ་ཚོགས་འདུ་གནང་སྟེ། སྐབས་བསྟུན་གྱི་བགྲོ་གླེང་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།

ཚེས་ ༢༢ ཉིན་ས་འཐུས་ཚོགས་ཁང་དུ་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་མཆོག་གིས་དབུས་པའི་ས་འཐུས་གྲངས་ ༢༠ ལ་སྤྱི་འཐུས་གཉིས་ནས་སྤྱི་འཐུས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སྐོར། སྔོན་རྩིས་ཀྱི་རྣམ་བཞག སྤྱིར་བཏང་གི་སྒྲིག་གཞིའི་སྐོར་སོགས་ལ་ཟབ་སྦྱོང་དང་། ལམ་སྟོན། དྲི་བར་ལན་འདེབས་སོགས་གནང་།32 མོན་གྷོ་ནས་ཕེབས་སྐྱེལ་སྐབས།

ཚེས་ ༢༣ ཉིན་མོན་གྷོ་འདོད་རྒུ་གླིང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྔ་ལྷག་ལྷན་འཛོམས་གྱི་མི་མང་ཚོགས་ཆེན་སྐབས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལས་འཕྲོས་པའི་བཀའ་དྲིན་རྗེས་དྲན་སྐོར་དང་། རྩིས་ལོ་ ༢༠༡༥༌༌༌༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྐོར། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ན་གཞོན་རྣམས་ཀྱིས་སློབ་སྦྱོང་ལ་བརྩོན་དགོས་པ་དང་ཡ་རབས་བཟང་སྤྱོད་བཅས་དང་འབྲེལ་བའི་གསུང་བཤད་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་སྙིང་བསྡུས་དང་གལ་ཆེའི་གྲོས་ཆོད་ཁག་ཅིག་གི་སྐོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། ཉེ་ཆར་རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་སྐོར། གཞིས་ཆགས་སྲ་བརྟན་ཐོག་གཞིས་མི་སོ་སོ་ནས་འགན་ཁུར་ལེན་ཕྱོགས་སྐོར་བཅས་ལ་གསུང་བཤད་གནང་། དེ་རྗེས་མོན་གྷོ་དང་ཟུར་སྐྱིད་སྡུག་གི་ལས་ཁུངས་དང་སྐྱིད་སྡུག་ནས་བོགས་གཏོང་བྱས་པའི་ཚོང་ཁང་ཁག་བཅས་ལགཟིགས་སྐོར་གནང་།ཉིན་རྒྱབ་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ཆེན་མོར་འབྲས་སྤུངས་དང་། རྭ་སྟོད་དགོན་པ། ས་སྐྱ་དགོན་པ། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་འདུན་པ་བརྒྱད་བརྒྱ་ཙམ་ལ་སྤྱི་འཐུས་གཉིས་ནས་བརྗོད་གཞི་ཆ་བགོས་ལྟར་གསུང་བཤད་དང་། དམིགས་བསལ་དགེ་འདུན་འདུས་པ་རྒྱ་མཚོའི་གནས་བབ་དང་བསྟུན་པའི་གསུང་བཤད་གནང་བ་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་།

ཚེས་ ༢༤ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་འདུ་ཁང་ནང་། དགའ་ལྡན་དང་། རྙིང་མ་དགོན་པ་བཅས་ཀྱི་དགེ་འདུན་པ་བཞི་བརྒྱ་ལྷག་ཙམ་ལ་སྤྱི་འཐུས་གཉིས་ནས་བརྗོད་གཞི་ཆ་བགོས་ལྟར་སྐབས་བསྟུན་གྱི་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་། ཉིན་རྒྱབ་ནས་ས་འཐུས་རྒྱུན་ལས་རྣམས་ལ་སྔོན་རྩིས་དང་འབྲེལ་བའི་དོགས་གཅོད་ཁག་ཅིག་དང་། ནམ་རྒྱུན་གྱི་ལས་དོན་གནང་ཕྱོགས། གྲོས་ཚོགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་ཕྱོགས་སོགས་དང་འབྲེལ་བའི་སྐོར་ལ་ལམ་སྟོན་གནང་བ་དང་། སྔོན་རྩིས་དང་འབྲེལ་བའི་གནད་དོན་རེ་ཟུང་སྐོར་འབྲེལ་ཡོད་ནང་སྲིད་དང་འཕྲོད་བསྟེན་ལས་ཁུངས་བཅས་སུ་སྤྱི་འཐུས་ཆེད་བཅར་གྱིས་རྒྱུས་ལོན་བྱ་རྒྱུ་གནང་། དེ་རྗེས་སྤྱི་འཐུས་གཉིས་ལྷན། ས་གནས་འགོ་འཛིན་དང་། རང་བདེན་ཚོགས་གཙོ་མཉམ་ཡོད་ཐོག་སྒོ་མང་གྲྭ་ཚང་དུ་གནས་སྡོད་ཇོ་ནང་པ་དགེ་འདུན་གཉིས་ཀྱིས་བདེ་སྡུག་ཞུས་རིགས་ལ་གསན་པ་དང་། སྐབས་བསྟུན་གསལ་བཤད་དགོས་རིགས་སོགས་གནང་།

ཚེས་ ༢༥ ཉིན་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་། ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ། མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་བཅས་ཀྱི་ལྷན་ད་ལན་གྱི་བདེ་སྡུག་ཞུས་ཁག་ལས་དབུས་སའི་དབྱེ་འབྱེད་དང་། ས་གནས་འགོ་འཛིན་ནས་ལས་འཆར་འབུལ་དགོས་པ་སོགས་ཀྱི་སྐོར་ལ་ལམ་སྟོན་གནང་། ད་ཐེངས་སྤྱི་འཐུས་རྣམ་གཉིས་ཕྱོགས་ཕེབས་ཀྱི་ལས་འཆར་ཁག་ལེགས་གྲུབ་བྱུང་སྟེ་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྡ་སར་ཕེབས་འབྱོར་ཟིན་པ་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ཉིན་ཤས་རྗེས་ཤི་ལོངས་སུ་འབྱོར་རྒྱུ། ཕྱོགས་ཕེབས་སྤྱི་འཐུས་གཉིས་ཀྱི་ལས་བསྡོམས་ནང་སྤྱི་འཐུས་དང་འཛིན་སྐྱོང་། རང་དབང་ཅན་གྱི་སྡེ་ཚན་སོ་སོ་བཅས་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་དབྱེ་གསེས་ཁ་གསལ་བཀོད་གནང་གིས་རྒྱུན་ལས་སུ་འབུལ་ལམ་ཟིན་པ་ལྟར་སྡེ་ཚན་སོ་སོར་འབུལ་རྒྱུ། ཐེངས་འདིའི་ཕྱོགས་ཕེབས་སྐབས་པུ་ནེ་རུ་སྡོད་གནས་སོགས་མཐུན་འགྱུར་དམ་ཟབ་གནང་མཁན་སྨན་པ་པ་སངས་སྟོབས་ཆེན་ལགས་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་དབུས་པའི་ལས་བྱེད་རྣམ་པ། ས་འཐུས་ཚོགས་གཞོན་དབུས་པའི་འཐུས་མི་རྣམ་པ། རང་ཚོགས་ཚོགས་གཙོ་དབུས་པའི་འཐུས་མི་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་དང་ལས་སྣེ་རྣམ་པ། གཞིས་གྲོང་ཁག་གི་བརྒྱ་དཔོན་རྣམ་པ་སོགས་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་ལས་སྣེ་རྣམ་པ་བཅས་འབྲེལ་ཡོད་མཐུན་འགྱུར་གནང་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།།