བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་རྒྱ་གར་སྲིད་དོན་ཚོགས་པ་ཞིག་གིས་མགྲོན་འབོད་ལྟར་ཕེབས་པ།

 

སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་དང་།    འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བཅས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ ཉིན་སམ་ཏ་ཀརན་ཏི་སྲིད་དོན་ཚོགས་པ་གསར་པ་ཞིག་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གནང་མྱོང་བ་དང་། དབུས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་ (Shri Braja Kishore Tripathy)  མཆོག་གིས་སྣེ་འཁྲིད་ཐོག་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མི་མང་བཅས་རྒྱས་འཛོམས་ཐོག  རྒྱ་གར་རྒྱལ་ས་ལྡི་ལི་གྲོས་ཚོགས་འོག་མིའི་ཚོགས་གཙོའི་ཚོགས་ཁང་དུ་ཚོགས་འཛོམས་གནང་སྐབས་བོད་མིའི་སྐུ་ཚབ་རྣམས་མགྲོན་འབོད་བཞིན་བཅར་བ་དང་ཆབས་ཅིག་ཚོགས་པའི་སྲིད་བྱུས་བསྒྲགས་གཏམ་ནང་བོད་རྒྱ་འབྲེལ་ལམ་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་གྱི་ཚིག་སྦྱོར་འཁོད་ཐབས་ཡོང་བའི་ཡིག་ངག་གཉིས་ཐོག་ནས་ཞུས་པས། ཁོང་རྣམ་པས་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། ལྷག་པར་ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་ནང་སྔར་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་གི་ཚོགས་མི་ཡོད་སྟབས་དམིགས་གསལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་བཅས།

Menu