བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ བོད་མིའི་འདུ་སྡོད་ཤིས་ལོངས་སོགས་ས་གནས་ཁག་བཅུའི་ནང་དུ་ས་བོགས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་ཟླ་ ༦ ཚེས་ ༥ ཉིན་ཤིས་ལོངས་དགེ་ལུགས་དགོན་པ་དང་། ཡན་ལག་སྨན་

རྩིས་ཁང་། སམ་བྷོ་ཊ་ཉིན་སློབ་བཅས་སུ་གཟིགས་སྐོར་དང་། ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་

སློབ་སྦྱོང་གི་གལ་གནད་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་ཞུས་ཁག་ལ་ལན་འདེབས་གནང་ཡོད་པ་

རེད། ཕྱི་ཚེས་ ༦ ཉིན་གྱི་ཞོགས་པ་ཤིས་ལོངས་ས་གནས་ཀྱི་སྤྱི་རིམ་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་དང་

མཉམ་ཞུགས་གནང་། དེ་རྗེས་མི་མང་འདུ་འཛོམས་སར་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཡོད་

པའི་བརྗོད་གཞི་༸གོང་ས་མཆོག་གི་མཛད་འཕྲིན་དང་། རང་ལུས་མེར་སྲེག་སོགས་བོད་ནང་གི་ཛ་དྲག་

གི་གནས་སྟངས། གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་གལ་ཆེ་ཁག  དབུ་མའི་ལམ། ཤེས་ཡོན་གྱི་གལ་

གནད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན། བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ

བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གལ་ཆེའི་ཆབ་སྲིད་ལས་འགུལ། ཡ་

རབས་བཟང་སྤྱོད་ཀྱི་སྐོར། ཡུལ་ཁྲིམས་ལ་བརྩི་སྲུང་། རྒྱ་གར་ཡུལ་མིར་མཐུན་ལམ་བཅས་ཀྱི་ཐོག་གསུང་

བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་།  ཕྱི་ཚེས་ ༨ ཉིན་རྡི་མ་སྤུར་ཉེ་འཁྲིས་ཀོ་ཧི་མ་

མི་མང་ཚོགས་ཁང་དང་། ཕྱི་ཚེས་ ༩ ཉིན་རྡི་མ་སྤུར་མི་མང་ཚོགས་ཁང་ནང་མང་ཚོགས་འདུ་འཛོམས་

སོ་སོར་སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞི་གཞིར་བཟུང་གསུང་བཤད་དང་དྲི་བར་ལན་

འདེབས་གནང་།

ཕྱི་ཚེས་ ༡༢ ཉིན་བསྟན་འཛིན་སྒང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་

དང་ཡན་ལག་སྡེ་ཚན་ཁག  ས་གནས་འགོ་འཛིན་ལས་ཁུངས། མཉམ་སྦྲེལ་ལས་ཁུངས་དང་ཡན་ལག་

སྡེ་ཚན་ཁག  རྒས་གསོ་ཁང་། ས་གནས་ཉིན་སློབ། ས་གནས་འཕྲོད་བསྟེན་ཁང་བཅས་ལ་གཟིགས་སྐོར་

གནང་།   ཕྱི་ཚེས་ ༡༣ ཞོགས་པ་གཞིས་ཆགས་ཚོགས་ཁང་ནང་མི་མང་འདུ་འཛོམས་ཐོག་གོང་གསལ་

གཏན་འབེབས་བརྗོད་གཞི་ལྟར་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་བ་དང་མང་ཚོགས་ཀྱི་

དྲི་བ་ཞུས་ཁག་ལ་ལན་འདེབས་གནང་། ཕྱི་ཚེས་ ༡༤ ཉིན་གཞིས་ཆགས་ཀྱི་ཉམ་ཐག་ཁྱིམ་ཚང་ཁག་

ཅིག་དང་། མཉམ་སྦྲེལ་གྱི་ཀི་ཝི་དང་ཀུ་ཤུ་འདེབས་ལས་ཀྱི་ལས་གཞི་ཁག་ལ་གཟིགས་སྐོར་གནང་ཡོད་

པ་རེད།

 

 

ཕྱི་ཚེས་ ༡༥ ཉིན་བསྟན་འཛིན་དགའ་དང་། རུ་པ། སྒར་ཆམ་ཁུལ་དུ་གནས་སྡོད་ཁ་ཐོར་མི་མང་རྣམས་

ལ་ཐུག་འཕྲད་དང་། སྒར་ཆམ་ས་ཁུལ་གསུམ་གྱི་མི་མང་ལ་གོང་བཞིན་གཏམ་བཤད་གནང་རྗེས་མང་

ཚོགས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་ཞུས་ཡོད་པ་རེད།  ཉིན་རྒྱབ་འབུམ་སྡེ་ལར་་གུ་རུ་རིན་པོ་

མཆོག་གི་དགོན་པར་ཁུལ་དེའི་མང་ཚོགས་ལ་གསུང་བཤད་དང་དྲི་བ་ཞུས་ཁག་ལ་ལན་འདེབས་ཀྱང་

གནང་།

ཕྱི་ཚེས་ ༡༧ ཉིན་རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་མཆོག་མཇལ་འཕྲད་ཞུས་ཏེ་བོད་དོན་

སྤྱིའི་སྐོར་སྙན་གསེང་དང་ལྷག་པར་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མི་མང་ཚོགས་

དང་ས་གནས་འགོ་འཛིན་རྣམ་པར་དུས་རྟག་ཏུ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་སྐྱོང་ཡོང་བར་འབོད་

སྐུལ་ཞུས་པར་ཞལ་བཞེས་ཀྱང་ཐོབ་ཡོད་པ་རེད། དེ་རྗེས་རྟ་དབང་ས་གནས་རང་བདེན་ཚོགས་ཆུང་གི་

ཚོགས་ཁང་ནང་ཁུལ་དེའི་མང་ཚོགས་ལ་གོང་བཞིན་གཏམ་བཤད་དང་མི་མང་གི་དྲི་བ་ཞུས་ཁག་ལ་

ལན་འདེབས་གནང་། ཕྱི་ཚེས་ ༡༩ ཉིན་རྡི་རང་དུས་འཁོར་ལྷ་ཁང་དུ་ཁུལ་དེའི་མང་ཚོགས་རྣམས་ལ་

གོང་གི་བརྗོད་གཞི་གཅིག་མཚུངས་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་ཞུས།

ཕྱི་ཚེས་ ༢༠ དགོང་དྲོ་ཨི་ཊ་ན་སྒར་ཁུལ་གྱི་མང་ཚོགས་ཐུག་འཕྲད་དང་། མི་མང་རྣམས་ལ་གོང་བཞིན་

གསུང་བཤད་དང་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གནང་། ཕྱི་ཚེས་ ༢༡ དང་ ༢༢ སོ་སོར་

ཨི་ཊ་ན་སྒར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་། ལྷག་པར་མངའ་སྡེའི་

སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུངས་སུ་དྲུང་ཆེ་རྒན་གྲས་ཤིག་མཇལ་འཕྲད་ཞུས་ཏེ་མངའ་སྡེའི་ནང་ཡོད་

པའི་བོད་མི་རྣམས་ལ་མཐུན་འགྱུར་ཡོང་བའི་འབོད་སྐུལ་དང་། བསྟན་སྒང་གཞིས་ཆགས་ཀྱི་ཛ་དྲག་དཀའ་

ངལ་སྐོར་སྙན་གསེང་ཡང་ཞུ་ཐུབ་པ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༢༣ དང་ ༢༤ སོ་སོར་སྒོ་ཧ་ཊིར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་མཇལ་འཕྲད་

དང་། བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས། ཕྱི་ཚེས་ ༢༧ དང་ ༢༨ སོ་སོར་སྒོ་ཧ་ཊིར་རྒྱ་

གར་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཞུས་ཏེ་ཚེས་ ༢༩ ཉིན་སྒོ་ཧ་ཊི་ནས་ཐོན་ཏེ་ཟླ་ ༧ ཚེས་ ༡

ཉིན་བཞུགས་སྒར་དྷ་སར་འབྱོར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།