བོད་མི་མང་སྤྱི་ཟུར་རྣམ་པ་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་ཚོགས་བརྡ་གསལ་བསྒྲགས་བསྐྱར་མ།

༄༅། །ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད་བཀའ་སྤྱི་ལྷན་རྒྱས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་བསྐོང་ཚོགས་གནང་རྒྱུ་ཐུགས་གཏན་འཁེལ་བའི་གནས་ཚུལ་གསར་འགོད་ལྷན་ཚོགས་ཐོག་སྔོན་དུ་ཡོངས་བསྒྲགས་སོང་ཟིན་པ་མ་ཟད། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་རྒྱ་བལ་འབྲུག་གསུམ་ནང་ས་གནས་འགོ་འཛིན་ལས་ཁུངས་སོ་སོ་བརྒྱུད་ཚོགས་བསྐོང་བརྡ་ཁྱབ་ཕུལ་ཡོད་ནའང། སྤྱི་ཟུར་རྣམ་པ་གང་ཙམ་གྱི་བཞུགས་གནས་ཞལ་བྱང་དང། དེ་མིན་འབྲེལ་ལམ་ཞུ་ཡུལ་བཅས་མ་འཐོབ་པའི་དབང་གིས་འབྲེལ་ལམ་ཞུ་མི་ཐུབ་པའི་ངང་གནས་བསྡད་ཡོད་པས་གསལ་བསྒྲགས་འདི་བཞིན་གཟིགས་འཕྲལ་ཚོགས་བཅར་གནང་ཐུབ་མིན་གྱི་ལན་གསལ་འཕྲལ་དུ་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ངེས་གནང་ཡོང་བ། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༤ ཉིན་རྡ་སར་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་གནང་དགོས། འགྲོ་གྲོན་རྒྱགས་རང་འཁུར་གྱིས་ཕེབས་གནང་ཐུབ་ཚེ་དགའ་བསུ་ཞུ་རྒྱུ་དང། དེ་མིན་འགྲིམས་འགྲུལ་སོགས་འགྲོ་གྲོན་ཁག་གཏན་འབེབས་གཞིར་བཟུང་འབུལ་རྒྱུ་ཡིན་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ ལ་ ཕུལ།།

Menu