བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སྐྱིད་པའི་དུས་མཚམས་སྲུང་ན་སྐྱིད། ཅེས་པའི་ཕྱག་དེབ་དབུ་འབྱེད།

IMG20160614110106

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བརྩམས་པའི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སྐྱིད་པའི་དུས་མཚམས་སྲུང་ན་སྐྱིད། ཅེས་པའི་ཕྱག་དེབ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཕུལ་བ་དང་། དེ་རྗེས་བོད་བསྟན་སྲིད་སླད་སྐུ་སྲོག་གཏོང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་གནང་། དེ་ནས་དཔེ་དེབ་དབུ་འབྱེད་གནང་། རྩོམ་པ་པོ་སྐུ་ཞབས་བག་གྲོ་ལགས་ཀྱིས། ད་ལན་དཔེ་དེབ་དཔར་སྐྲུན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། དཔེ་དེབ་འདིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་རྒྱལ་ཁབ་དེ་རང་དབང་རང་བཙན་གཙང་མ་ཞིག་ཡིན་པའི་བརྡ་ལན་གསལ་པོ་སྤྲད་ཐུབ་པའི་ཆེད་དུ་དཔར་སྐྲུན་བྱས་པ་ཡིན་ཞེས་གསུངས་པ་མ་ཟད། ང་ཚོ་བཙན་བྱོལ་ནང་གནས་པའི་བོད་མི་རྣམས་ནི་བོད་ནང་གི་བོད་མིའི་མགྲིན་ཚབ་པ་ཡིན་པས། ང་ཚོས་ཇི་སྲིད་ཁོང་ཚོའི་དཀའ་ངལ་མ་སེལ་བར་དེ་སྲིད་དུ་བོད་པའི་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་དང་། ཁོང་རང་ཉིད་ལྟ་བུར་མཚོན་ན་བོད་དོན་ཆེད་དུ་ནང་མི་སྤུན་མཆེད་ཀྱང་བློས་གཏོང་གནང་པའི་གནས་སྟངས་ཆགས་ཡོད་པ་སོགས་གསུངས་པ་དང་། ཡང་རྗེས་ལོ་ ༢༠༡༧ ནང་ཁོང་ནས་རང་ཅག་བོད་མི་རྣམས་ལ་རྒྱ་གར་གཞུང་དང་མི་མང་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པས་བཀའ་དྲིན་རྗེས་དྲན་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་སྲིད་བློན་དང་པོ་ནེ་རུ་མཇལ་འཕྲད་དང་། དེ་ནས་སྲིད་བློན་རིམ་པ་དང་སྙན་གྲགས་ཅན་གྱི་མི་སྣ་མཇལ་འཕྲད་སོགས་ཀྱི་སྐུ་པར་མཁོ་སྒྲུབ་ཀྱིས་དཔེ་དེབ་ཅིག་བཟོ་འདོན་བྱ་འཆར་ཡོད་གསུངས།

IMG20160614105746

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ཐོག་མར་མཛའ་བརྩེའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གསུངས་པ་དང་སྦྲགས། ང་རང་ཚོའི་སྤྱི་ཚོགས་ནང་ཚོགས་པ་དང་སྒེར་པའི་ངོས་ནས་དཔེ་དེབ་འདྲ་མིན་ཞིག་དཔར་སྐྲུན་གནང་གི་ཡོད་པ་རེད་ལ། དཔེ་དེབ་དེ་དག་ཕྱིས་འབྱུང་མི་རབས་ཚོས་ལོ་རྒྱུས་ལ་བལྟ་བའི་ཆེད་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་མ་ཟད། ད་རིང་ཆབ་སྲིད་བཙོན་ཟུར་ཁོང་རང་ལྟ་བུ་ཞིག་ལ་མཚོན་ན་གཞུང་དང་། སྒྲིག་འཛུགས་གང་གི་ཁོངས་སུའང་མིན་པ་སྒེར་གྱི་ངོས་ནས་དུས་ཚོད་ཐུང་ཐུང་ཞིག་ནང་མི་རིགས་ཀྱི་འཐབ་རྩོད་ཁོ་ནའི་ཆེད་དུ་དཔེ་དེབ་བཅོ་ལྔ་ལྷག་ཙམ་དཔར་སྐྲུན་གནང་ཡོད་པ་ནི་ཧ་ཅང་གི་གཟི་བརྗིད་ཅིག་ཡིན། ད་ལན་དཔེ་དེབ་དེ་ཡི་ནང་པར་རིགས་འདྲ་མིན་གྱི་ཐོག་ནས་བོད་པའི་ལོ་རྒྱུས་མང་པོ་ཞིག་ཤེས་ཐུབ་པའི་ཁེ་ཕན་ཡོད། དེར་བརྟེན། ཆབ་སྲིད་བཙོན་ཟུར་བག་གྲོ་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་དེབ་འདི་བརྩམས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གྲུབ་བསྟུན་རྩོམ་པ་པོས་དཔེ་དེབ་དབུ་འབྱེད་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་བཅས་ཀྱི་གནས་ཚུལ་དུ།།

Menu