བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་སྤྱི་ལྷན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

img_5738
༢༠༡༦ ཟླ་ ༡༠ ཚེས ༢༣ སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་ཕྱུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཆིབས་སྒྱུར་གནང་ཡོད་ཅིང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གི་གཙོས་སྤྱི་འཐུས་རྒྱུན་རྣམ་པ་དང་། ཚོགས་དྲུང་བཅས་ལ་མགྲོན་ཤོག་ཕུལ་འབྱོར་བཞིན་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད། དཔལ་ལྡན་ཚོགས་གཙོ་མཆོག་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ་གཤམ་གསལ་ལྟར།
དེ་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་བསྟན་དང་འགྲོ་བའི་གཙུག་རྒྱན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཁྱིམ་དབུ་འཛིན་མཆོག་དང་། འགན་འཛིན་སློབ་སྤྱི་དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་བཅས་ལ་ངས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༦ འཁོར་བའི་དགའ་སྟོན་གྱི་ཉིན་མོ་སྲུང་བརྩི་ཞུ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རང་དབང་རང་བཙན་ཡོད་པའི་གངས་ཅན་བོད་ཀྱི་ཞིང་སར་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་བྱས་ཏེ་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་ཆོལ་གསུམ་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་པར་བརྟེན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་༸ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་། སྐབས་དེར་ངོ་ཤེས་པ་གནམ་དང་ས་གཉིས་ལས་མེད་པ་ལྟ་བུའི་གནས་སྟངས་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱིས་སྣེ་ལེན་མཐུན་འགྱུར་གནང་བར་བརྟེན་ནས་བོད་མི་རྣམས་ཐོག་མར་ལམ་བཟོ་རྒྱུགས་ཏེ་འཚོ་བ་བསྐྱལ་ཡོད་པ་དང་། དེ་ནས་རིམ་བཞིན་བཟོ་གྲྭ་དང་གཞིས་ཆགས་ཁག་གསར་འཛུགས་བསྐྱངས། ལྷག་པར་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐད་༸གོང་ས་མཆོག་གིས་ཐོག་མ་ནས་དམིགས་བསལ་དགོངས་བཞེས་མཛད་ཡོད་པ་མ་ཟད། རྒྱ་གར་སྲིད་བློན་པནྜིཊ་ནེ་ཧ་རུའི་ལམ་སྟོན་བཅས་ལ་བརྟེན་ནས་མ་སུ་རིར་ཕྲུ་གུ་ ༥༠ ཙམ་ལ་སློབ་གྲྭ་ཐོག་མར་གསར་འཛུགས་བསྐྱངས་ཡོད། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་འདི་ཕྱི་ལོ་ ༡༩༦༠ ཐམ་པ་ལོར་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དམ་པ་དེ་ཉིད་ལ་ཐུགས་འགན་གནང་སྟེ་བོད་ཕྲུག་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱེད་པ་དང་ཆབས་ཅིག་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་རྨང་ནས་གཞི་འཛུགས་བྱ་སའི་ཧ་ཅང་ཕན་རླབས་ཅན་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད། དེ་ནས་༸སྐུའི་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་། གཟིགས་སྐྱོང་འོག་ད་ལྟའི་གཞི་རྒྱ་ཆེ་བའི་བོད་ཕྲུག་ཁྱིམ་སྡེ་འདི་རྒྱ་བསྐྱེད་དང་ཡར་རྒྱས་ཀྱི་མཛད་འཕྲིན་ཧ་ཅང་ཆེན་པོ་བསྐྱངས་པ་རྣམས་ལ་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

img_5761
དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཟུར་པ་སྐུ་ཞབས་ཚེ་དབང་ཡེ་ཤེས་ལགས་དང་ད་ལྟའི་སྤྱི་ཁྱབ་དབུ་འཛིན་སྐུ་ཞབས་ཐུབ་བསྟན་རྡོ་རྗེ་ལགས་བཅས་ཀྱི་འགན་ཁུར་འོག་དབུས་དང་ཡན་ལག་གི་འགན་འཛིན་རྣམ་པ་དང་། སློབ་སྤྱི། དགེ་རྒན། ལས་བྱེད། སློབ་ཕྲུག་བཅས་ཡོངས་ཀྱི་ནུས་པ་མཉམ་སྤུངས་ཐོག་བོད་ཕྲུག་ཁྱིམ་སྡེའི་དབུས་སའི་ཞུ་སྒོ་མཐའ་དག་རྒྱུན་སྐྱོང་གང་ལེགས་གནང་དང་གནང་བཞིན་པར་ཡང་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། གོ་སྐབས་འདི་བརྒྱུད་གསར་དུ་ཕེབས་པའི་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་སྐུ་ཞབས་ཐུབ་བསྟན་རྡོ་རྗེ་ལགས་སུ་འཚམས་འདྲི་དང་བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཐོག་མར་གཞི་རྒྱ་ཆུང་ངུ་ཞིག་ནས་དབུ་འཛུགས་བསྐྱངས་ཏེ་རིམ་བཞིན་གཞི་རྒྱ་ཇེ་ཆེར་ཕྱིན་ཏེ་ཡན་ལག་སློབ་གྲྭ་མང་པོ་གསར་འཛུགས་བཅས་ཀྱི་ནང་ནས་སློབ་ཕྲུག་སྟོང་ཕྲག་མང་པོ་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ལེགས་པར་ཐོན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་དང་། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་འཐབ་རྩོད་དང་། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ནང་ཞབས་ཕྱི་ཞུས་དང་ཞུ་བཞིན་པ་བཅས་བསྔགས་པར་འོས་པའི་གྲུབ་འབྲས་ཐོན་ཡོད།
གཞིས་ལུས་བོད་མི་ན་གཞོན་སློབ་ཕྲུག་ཧ་ཅང་མང་པོས་རང་རེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་ནའང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་དང་། སློབ་ཚན་ཇི་བཞིན་བཀོད་སྒྲིག་བྱེད་མིན་ལ་བརྟེན། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད། རང་རེ་རྣམས་རང་དབང་ལུང་པའི་ནང་དེ་ལྟའི་དམ་དྲག་མེད་ལ་མཐུན་རྐྱེན་ཡང་མི་དམན་པ་ཡོད་པ་བཅས་དགའ་བ་སྒོམ་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆེན་པོའི་ངང་ཧུར་བརྩོན་གནང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན།
བོད་ཕྲུག་ཁྱིམ་སྡེ་ནས་ལོ་འདིར་འཛིན་རིམ་དང་པོ་རྣམས་ལ་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད་པ་ནི་ལོ་མང་རིང་ཉམས་ཞིབ་ཀྱིས་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་རྣམས་ངེས་པར་དུ་ཡོད་དགོས་པའི་ངེས་ཤེས་གཏིང་ཟབ་དང་བཅས་ལག་བསྟར་གནང་བ་ཞིག་ལ་ངོས་འཛིན་བྱ་རྒྱུ་མ་ཟད། ལེགས་སོ་དང་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན།
དེང་སྐབས་འཛམ་གླིང་འདིའི་ཐོག་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཤེས་ཡོན་ཚད་མཐོན་པོར་སླེབས་ཡོད་ཀྱང་བྱམས་པ་དང་། བརྩེ་བ། སྙིང་རྗེ་སོགས་ནང་བསམ་པའི་ཤེས་ཡོན་ཐོག་དེ་ཙམ་ཡར་རྒྱས་འགྲོ་མ་ཐུབ་པའི་རྐྱེན་གྱིས་ཕྱིའི་མཐུན་རྐྱེན་ཇི་ཙམ་ཡོད་ཀྱང་ནང་སེམས་ཀྱི་ཞི་བདེ་དང་། ཡ་རབས། བཟང་སྤྱོད་བཅས་ཀྱིས་ཕོངས་ཏེ་ཡ་ང་བའི་གནས་སུ་ལྷུང་བཞིན་ཡོད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ནི་དེང་སང་འཛམ་གླིང་ནང་བདེ་སྐྱིད་ཀྱི་འབྱུང་རྩ་ལྟ་བུར་ངོས་འཛིན་དང་། དགའ་མོས་བྱེད་ས་གཙོ་བོ་ལྟ་བུར་གྱུར་ཡོད་པས། རང་རིགས་ན་གཞོན་སློབ་ཕྲུག་ཡོངས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་ཧུར་བརྩོན་གནང་སྟེ་འཛམ་གླིང་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་མི་རིགས་བཅས་པར་ཕན་བདེ་བསྐྲུན་རྒྱུའི་དམིགས་ཚད་ངེས་ཅན་ཞིག་ངེས་པར་བཟུང་དགོས།

img_5767
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ པ་འདིར་ཤེས་ཡོན་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་དུ་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཅན་ཇེ་མང་ཐོན་ཐུབ་པ་དགོས་པའི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་དང་ཕེབས་བཞིན་པ་ལྟར། འཛམ་བུ་གླིང་འདིར་འཚེ་མེད་ཞི་བ་དང་། དྲང་བདེན། ཁྲིམས་མཐུན་བཅས་ཀྱི་ཐོག་ནས་ཕན་ཚུན་འབྲེལ་ལམ་དང་། གྲོས་བསྡུར་ལམ་ནས་དཀའ་རྙོག་རྣམས་སེལ་ཐུབ་པ་བྱ་དགོས་པར་གཙོ་བོ་ཤེས་ལྡན་མི་སྣ་ཚོས་སྣེ་འཁྲིད་ཐུབ་པ་བྱ་གལ་ཆེན་པོར་གྱུར་ཡོད་པས་རང་རེ་བོད་ཕྱི་ནང་གཉིས་ནས་ཤེས་ལྡན་མི་སྣ་གང་མང་སྐྱེད་བསྲིང་ཡོང་ཐབས་ལ་འབྲེལ་ཡོད་ཚང་མས་འབད་རྩོལ་གནང་དགོས་པ་གལ་ཆེར་གྱུར་ཡོད།
སློབ་ཕྲུག་རྣམས་ཀྱི་ངོས་ནས་རང་རེའི་ཕ་ཡུལ་བོད་ལྗོངས་རྒྱ་གཞུང་གིས་བཙན་བཟུང་འོག་རང་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དང་། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་དང་བཅས་པར་སློབ་སྦྱོང་གི་གོ་སྐབས་བྱ་རྒྱུའི་ཁོར་ཡུག་གུ་ཡངས་པོ་མེད་པའི་དཀའ་ངལ་འཕྲད་བཞིན་པ་བློ་ངོར་ཡང་ཡང་འཆར་དགོས་པ་དང་། རང་རེ་རང་དབང་ལུང་པར་ཡོད་པའི་བོད་ཀྱི་སློབ་ཕྲུག་རྣམས་ལ་ལས་འགན་འཕར་མ་ལྟ་བུ་ཡོད་བསམ་པའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང་། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་པར་སྦྱང་བརྩོན་དང་རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་འདུན་པ་དང་། ཆོད་སེམས་བརྟན་པོས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་བརྩོན་འགྲུས་གནང་དགོས་པའི་འབོད་བསྐུལ་ནན་ཏན་བྱ་རྒྱུ་ཡིན།

img_5756
ཡང་དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་གཞན་ཁག་ནང་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་པ་འདི་བོད་མི་བཙན་བྱོལ་བའི་གནས་སྟངས་ཐོག་ནས་བསམ་ན་སེམས་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་པས། དེ་སྔོན་ཀྱང་འབོད་བསྐུལ་ཞུས་ཟིན་པ་ལྟར་དང་། འབྱུང་འགྱུར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཚང་མའི་མ་འོངས་བྱ་ཕྱོགས་ཀྱི་འཆར་གཞི་ཚད་ལྡན་ཡོང་ཐབས་ཐད་འབྲེལ་ཡོད་རྣམས་གོ་བསྡུར་གྱིས་གཏན་འབེབས་ལག་བསྟར་དགོས་རྒྱུ་དུས་ལ་བབ་ཡོད་པས་ད་རེས་བསྐྱར་ནན་གྱིས་འབོད་བསྐུལ་ཞུ་རྒྱུ་ཡིན།
སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོངས་བདེ་སྐྱིད་ངང་ཡོང་ཐུབ་རྒྱུའི་ཆེད་གཙང་སྦྲ་འཕྲོད་བསྟེན་གང་ལེགས་ཡོང་ཐབས་གནང་དགོས་པ་མ་ཟད། སྨྱོས་རྫས་ངན་གོམས་རིགས་སོགས་ནམ་ཡང་མི་འབྱུང་ཆེད་ཐུགས་སྣང་ཆེར་བསྐྱེད་དགོས། དེ་བཞིན་ཟས་བཅུད་ཐོག་འབྲེལ་ཡོད་རྣམས་ཀྱིས་དམིགས་བསལ་ཐུགས་སྣང་གིས་ཚད་ལྡན་ཡོང་ཐབས་བཅས་གནང་དགོས་ཐོག ཡ་རབས་གཤིས་བཟང་དང་ཞི་དུལ་བག་ཡོད་ལྡན་པའི་བོད་མི་ཞེ་ཅིག་འབྱུང་ཐབས་སུ་དབུ་ལས་སློབ་ཕྲུག་དང་བཅས་པ་ཚང་མས་ད་ཕན་ཧུར་བསྐྱེད་གནང་ཡོད་ལ། ད་དུང་ཡར་རྒྱས་ལ་ཚད་གཞི་མེད་པ་བཞིན་ཚང་མས་ལྕམ་རྩ་རྡོ་གནོན་གྱིས་དམ་འཛིན་དང་གཟབ་ནན་གནང་དགོས་པ་ཤིན་ཏུ་གལ་འགངས་ཆེན་པོར་གྱུར་ཡོད།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་ཞུགས་རྣམས་ཀྱི་སྐུ་ཚེ་༸ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣམས་དར་རྒྱས་ཚགས་ཚུད་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༣ ལ།།

img_5780

Menu