བོད་ནང་རང་ལུས་ཞུགས་འབུལ་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགྱུར་བསྒྲགས་གཏམ།

སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགྱུར་བསྒྲགས་གཏམ།

          སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཞི་བདེའི་ཆེད་ཡུལ་གྲུ་གང་ས་ནས་འདུས་པའི་དད་ལྡན་ཆོས་ཞུ་བ་འབུམ་ཕྲག་གསུམ་ཙམ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་སྩོལ་བཞིན་པའི་ཆོས་སྦྱིན་གྱི་སྐལ་བཟང་འདིར། བོད་ནང་བསྐྱར་དུ་རང་ལུས་ཞུགས་འབུལ་གྱི་ལས་འགུལ་བསྟུད་མར་བྱུང་འདུག

དེ་ཡང་ཕྱི་ལོ་ ༢༠༡༢  ཟླ་ ༡ ཚེས་ ༦ ཉིན། རྔ་པ་རྫོང་བར་མ་ཞང་ལྡོང་ཁུའི་ཞག་གདུགས་སྨན་པ་ཚང་གི་བུ་རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཚུལ་ཁྲིམས་དང་། རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་བསྟན་ཉི་གཉིས་ཀྱིས་རྔ་པ་རྫོང་གི་བཞི་མདོའི་མགྲོན་ཁང་ཞིག་གི་ར་སྐོར་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་ར་སྐོར་གྱི་ཕྱི་ལ་ཐོན་ཡོད་པར། དེ་མ་ཐག་ཉེ་འཁོར་གྱི་རྒྱ་གཞུང་ཉེན་རྟོག་པས་མེ་བསད་ནས་བཙན་ཁྲིད་བྱས་ཏེ། བསྟན་ཉི་ལགས་ཉིན་དེ་རང་ལ་གྲོངས་ཡོད་པ་དང་། ཚུལ་ཁྲིམས་ལགས་ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་གྲོངས་འདུག

ཕྱི་ལོ་ ༢༠༡༢ ཟླ་བ་ ༡ ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ་མགོ་ལོག་དར་ལག་རྫོང་སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལམ་མཚན་གཞན་བསོད་བྷེ་ཞུ་བ་དགུང་ལོ་ ༤༢ ཅན་ནས། རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དར་ལག་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་སྟེ་ཡུལ་དུས་དེ་ག་རང་ལ་སྐུ་སྲོག་ཤོར་འདུག་པ་དང་།

དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་རྔ་པ་རྫོང་སོག་རུ་མའི་པད་མ་ཚང་གི་བུ་ནོར་བུ་དགྲ་འདུལ་ལགས་ཀྱང་འདི་ཟླའི་ཚེས་ ༥ ཉིན་འབར་ཁམས་སྨན་ཁང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་མེར་བསྲེགས་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་འདུག

ད་དུང་འཇོ་མདའ་རྫོང་ཁོངས་པདྨ་ཤང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་ཨ་ཤག་ཚང་ནོར་ལྷ་ལགས་སྨན་བཅོས་ཕན་མེད་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༧ ཉིན་ལྷ་སར་འདས་གྲོངས་སུ་ཕྱིན་འདུག་པ་དང་། དེ་བཞིན་དོན་མེད་དུ་བོད་མི་དམར་གསོད་དང་དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་ཉེས་མིང་སྣ་ཚོགས་བཀལ་ནས་ཁྲིམས་གཅོད་བཙོན་འཇུག་གི་གནས་ཚུལ་རྒྱུན་མཐུད་ནས་ཡོང་བཞིན་ཡོད།

བོད་མི་ཚོའི་རང་གི་འདོད་འདུན་གསལ་སྟོན་གྱི་ཞུམ་མེད་སྙིང་སྟོབས་དང་། ཡོད་ཚད་བློས་གཏོང་གི་བྱ་སྤྱོད་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ལ་དྲག་ཤུགས་དང་དཔུང་སྟོབས་ཀྱིས་གནོན་འཇོམས་བྱེད་ཐབས་མེད་པའི་བདེན་ལུགས་ར་འཕྲོདཐུབ་པ་དང་། གཞན་ལ་འཚེ་བ་མེད་པར་བསྟན་འགྲོའི་དོན་དུ་རང་སྲོག་གཏོང་བའི་སྤུན་ཟླ་འདི་དག་གི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། འདས་གྲོངས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་དང་། དེ་དག་གི་ཤུལ་ལུས་ལྟོས་བཅས་ལ་ཐུགས་གསོ། འཚིགས་རྨས་ཐེབས་པ་རྣམས་གང་མྱུར་དྲག་བསྐྱེད་ཡོང་བའི་རེ་སྨོན་ཞུ་རྒྱུ་དང་། ཁོང་རྣམས་ཀྱི་བྱ་སྤྱོད་ནི་འགྲོ་བ་མིའི་རིགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་གྱི་དེབ་ཐེར་དུ་བསྐལ་བའི་བར་ཟུབ་མེད་ཀྱི་ལེ་ཚན་ཞིག་ཏུ་གནས་ངེས།

བོད་མི་ཚོའི་རང་གི་དབུ་ཁྲིད་རང་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་རེ་འདོད་དང་། འགྲོ་བ་མི་སྤྱི་ཡོངས་ལ་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཁག་ལོངས་སུ་སྤྱད་རྒྱུའི་དགོས་འདུན་འདོན་པ་ལ་རང་ལུས་ཞུགས་འབུལ་གྱི་ལམ་ནས་བརྡ་སྟོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་རྩ་གཏོར་གྱི་རང་གཞན་གཉིས་ཕུང་གི་བྱ་སྤྱོད་ཐབས་རྡུགས་དེ་དང་། དུས་ལས་ཡོལ་བའི་སྲིད་ཇུས་དེ་དག་ལ་ཐུག་ཡོད་པ་ཁས་ལེན་བྱ་རྒྱུ་ནི་རྒྱལ་ཁབ་ཆེན་པོའི་རྨི་ལམ་སྙེགས་པའི་རྒྱ་ནག་ལ་ཡོད་དགོས་པའི་དམའ་མཐའི་བཟང་སྤྱོད་ཀྱི་སྤོབས་པ་ཞིག་ཡིན།

བོད་མིའི་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་འགོ་ཁྲིད་སུས་ཀྱང་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱས་རིགས་གཏན་ནས་མེད་ལ། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལྷག་བསམ་དང་སྙིང་སྟོབས་རི་རབ་བཞིན་བརྟན་པའི་སྤུན་ཟླ་འདི་དག་གིས་རྙེད་དཀའི་དལ་རྟེན་འདི་ལྔ་ལམ་དུ་མ་སྙེགས་བར་མུ་མཐུད་རྩ་དོན་ཐོག་སྤུངས་ཐུབ་རྒྱུ་ནི་ངེད་ཅག་ཐུན་མོང་གི་རེ་འདུན་ཡིན་མོད། བཙན་འཛུལ་བའི་བསྙད་བསུན་དང་། བརྙས་དམོད། མཐོང་ཆུང་། བྲན་བཀོལ། བཤུ་གཞོག མཐར་འབུད། གཅར་རྡུང་། མནར་གཅོད། བཙོན་འཇུག་གི་གཤིན་རྗེའི་གྲོང་ཁྱེར་ལྟ་བུའི་འཇིགས་དངངས་ཁྲོད། སྤུན་ཟླ་ཚོར་རང་ལུས་ཞུགས་འབུལ་གྱི་སྒོ་ནས་སོ་སོའི་འདོད་འདུན་བསྟན་རྒྱུ་ལས་གཞན་པའི་ཐབས་ལམ་གང་ཡང་ལྷག་མེད།

དེར་བརྟེན། རྒྱ་གཞུང་ནས་བོད་ཡུལ་སྤྱི་དང་། ལྷག་པར་དུ་རང་ཡུལ་ཞུགས་འབུལ་གྱི་ལས་འགུལ་བྱུང་ཡུལ་ཁག་ཏུ་དམ་དྲག་གི་སྲིད་ཇུས་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་གིས། དོན་དག་གི་འབྱུང་རྐྱེན་ལ་གཟུ་བོའི་སྒོ་ནས་བརྩད་ཞིབ་དང་། བོད་མིའི་དོན་དམ་གྱི་དགོས་འདུན་ཁག་ལ་ཉན་འཇོག་བསམ་ཞིབ་བྱས་ཏེ་དེ་བསྟུན་གྱི་སྲིད་ཇུས་བཅོས་སྒྲིག་བྱེད་དགོས་པ་དང་། དེའི་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་དང་གསར་འགོད་པ་སོགས་ས་གནས་སུ་དངོས་དོན་རྟོག་ཞིབ་ཏུ་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་དང་།

རང་དབང་ཡུལ་གྲུའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་མིའི་ཐོག་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་སུ་འགན་ལེན་བྱས་པའི་ཐོབ་ཐང་ཁག་ལག་ལེན་དོན་འཁྱོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ ལ།།