བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་བསྡོམས།

ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། འཇར་མན་ནས་ཡིན་པ་འཇོ་ ཧ་མིལ་ཊོན། ལ་དྭགས་པ་གྲྭ་དཀོན་མཆོག་ནོར་བུ་དང་། ལ་དྭགས་པ་བོད་ཁྱིམ་སློབ་ཕྲུག་བཀྲ་ཤིས་རྣམ་རྒྱ་བཅས་བཞི་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་རྡོར་གདན་ནས་དབུ་འཛུགས་ཀྱིས། རྒྱ་གར་དང་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ཏུ་”བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་”ཀྱི་ལས་འགུལ་དེ་རིང་ཚེས་ ༣༠ ཉིན་མཇུག་བསྒྲིལ་ཡོད་པ་དང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མཇུག་བསྡོམས་མཛད་སྒོར་གདན་ཞུས་ལྟར་སྤྱི་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། ལས་འགུལ་བ་བཞིས་བོད་ནང་ཞི་བདེ་རང་དབང་ཡོང་བ་དང་། རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་སོགས་རྣམ་དཀར་དགེ་སྒྲུབ་ཀྱི་གོམ་བགྲོད་ལས་འགུལ་སྤེལ་བར་སྤྱི་འཐུས་ལྷན་ཚོགས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་ཡོད་པ་དང་། ལས་འགུལ་བ་རྣམ་པས་གོམ་བགྲོད་གནང་བར་ཐུགས་རྗེ་ཆེ་ཞེས་སོགས་གསུངས་ཡོད།

ལས་འགུལ་འདི་ཕྱི་ཚེས་  ༨ ཉིན་དབུ་འཛུགས་སྐབས། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ནས་གོམ་བགྲོད་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། གོམ་བགྲོད་པའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་བྱེད་སྐབས། འདི་ནི་རྒྱལ་བའི་དགོངས་གཞི་སྒྲུབ་པའི་གོམ་བགྲོད་ཅིག་དང་། བོད་བསྟན་སྲིད་སླད་རང་སྲོག་འདོར་བར་གནོང་འགྱོད་དང་ཕྱི་བཤོལ་མེད་པའི་ཡབ་ཆེན་དམ་པའི་རྗེས་སུ་འབྲངས་པའི་གོམ་བགྲོད། བོད་མིའི་དཀའ་སྡུག་གི་བྱུང་བ་བརྗོད་པའི་གོམ་བགྲོད། རང་དབང་ལ་ཕྱོགས་པའི་གོམ་བགྲོད། སྙིང་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་སུ་དྲན་པའི་གྲོམ་བགྲོད། གཞིས་བྱེས་མཉམ་འཛོམས་ཡོང་བའི་གོམ་བགྲོད་བཅས་ཡིན་ཞེས་བསྒྲགས་ཡོད་པ་རེད།

Menu