བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་ཐོབ་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་གཉིས་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔ་ལོ་ཕྱི་ཟླ་ ༡༠ དང་། འདི་ལོ་ཕྱི་ཟླ་༡ ནང་སོ་སོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ཁག་ལ་ཆེད་བཅར་གྱིས། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞུ་གཏུགས་བྱས་ཡོད་ནའང་། ད་ལྟའི་ཆར་ཟླ་བ་ ༧ ལྷག་ཕྱིན་པ་དང་། བོད་ནང་མི་གྲངས་ ༤༩ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་ཛ་དྲག་ཆགས་བཞིན་པར། སྤྱི་འཐུས་རྒྱུན་ལས་ནས་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། སྔོན་མ་དང་མི་འདྲ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དངོས་སུ་ཕེབས་ཏེ་བཀའ་མོལ་ཞུ་གཏུགས་དགོས་གལ་ཆེ་ལུགས་གྲོས་མཐུན་བྱུང་སྟེ། ཕྱི་ལོ་༢༠༡༢ ཟླ་༨ ཚེས༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་རྣམ་པ་གསུམ་བོད་ནང་གི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་དང་འབྲེལ་བོད་དོན་རྒྱབ་སྐྱོར་འབོད་སྐུལ་ཞུ་ཆེད། བདུན་ཕྲག་གཅིག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་གང་མང་ལ་མཇལ་རྒྱུའི་ལས་རིམ་ནང་ནས་དེ་རིང་ཕྱི་ཚེས་ ༢༢ ཉིན་བླ་ཆེན་པོབ་(Holy See.)ཀྱི་སྐུ་ཚབ་(Romanasi Mibina)རོ་མ་ན་སི་མི་བྷི་ན་མཆོག་དང་། Msgr. Marco Sprizzi མར་ཀོ་སི་པེའི་རི་ཛེ་མཆོག་རྣམ་གཉིས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ Miloslav STASEK མི་ལོ་སི་ལབ་སི་ཊ་སེཀ་མཆོག་དང་། Jana PETERKOVA ཛྙ་ན་པི་ཊར་ཀོབ་མཆོག་རྣམ་གཉིས་བཅས་ལ་སྔ་ཕྱིར་མཇལ་བཅར་གྱིས་ཆུ་ཚོད་གཅིག་རེ་ལྷག་ལ། ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༢ ཟླ་༨ ཚེས་༡༣ བར་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་དང་། ཀན་སུའུ་དང་། སི་ཁྲོན་བཅས་ཀྱི་ནང་སྐྱ་སེར་ཕོ་མོ་མི་གྲངས༤༩ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། མི་གྲངས་༣༩ འདས་གྲོངས་སུ་གྱུར་བ་དང་། གཞན་ཡང་། རྒྱ་དམག་གིས་བོད་མི་དམར་བསད་བཏང་བ་དང་། གར་སོང་ཆ་མེད་དུ་གྱུར་བ་དང་། ཉེས་མེད་ཉེས་འདོགས་ཀྱིས་འཇུ་བཟུང་བཙོན་འཇུག་དང་། རྡུང་རྡེག་མནར་གཅོད། བསུན་གཙེར་དམ་དྲག་སོགས་ཆེས་ཡ་ང་བའི་གནས་སྟངས་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་ ༡༽ རྒྱ་ནག་གི་མི་འབོར་བོད་ནང་སྤོ་ཤུགས་བྱས་ཏེ་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་བཞིན་པ་དང་། ༢༽ བོད་མི་རིགས་ལ་ཆབ་སྲིད་དང་། རིག་གཞུང་། སྐད་ཡིག བསམ་བློ། སྨྲ་བརྗོད་བཅས་ཀྱི་ཐོག་རང་དབང་མེད་པ་དང་། ༣༽ཁོར་ཡུག་གཏོར་སྐྱོན་དང་། ༤༽དཔལ་འབྱོར་ཐོག་མི་རིགས་དབྱེ་འབྱེད་བཅས་ཀྱི་སྐོར་ཞིབ་ལྷུག་འགྲེལ་བཤད་བྱས་པར། ཁོང་རྣམ་པས་ཐུགས་འཚབ་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱིས་སྙན་ཞུ་ཁག་རྒྱལ་ཁབ་སོ་སོའི་ཕྱི་སྲིད་ལས་ཁུངས་ཨ་མར་འཕྲལ་འབུལ་གྱིས་ལག་བསྟར་གང་ཡོང་ཞུ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་ལ་ཆེད་བཅར་གྱིས། བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུགས་བྱ་དགོས་དོན་གཙོ་བོ་ནི། རྒྱལ་ཁབ་སོ་སོས་བོད་དོན་ཐོག་སྲིད་བྱུས་འཛིན་སྟངས་གཙོ་བོ་དེ། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་གཞུང་ཚབ་ཁང་ཁག་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁང་ཁག་གཉིས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གནས་ཚུལ་གཞིར་བཞག་གིས་ཐག་གཅོད་གནང་གི་ཡོད་སྟབས། ཐེངས་འདིར་སྤྱི་ལྷན་གྱི་སྐུ་ཚབ་རྣམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཛ་དྲག་གིས་ཆེད་ཕེབས་གནང་ཡོད་པ་རེད།