བོད་ནང་གི་ཛ་དྲག་གི་གནས་སྟངས་གཞུང་ཚབ་ཁང་ཁག་༢༣ ལ་ཞུ་གཏུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་ཀྱི་སྐུ་ཚབ་ཁག་ཅིག་གིས་ལས་ཉིན་བདུན་ཕྲག་གཅིག་རིང་བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་༢༣ ལ་ཞུ་གཏུགས་བྱས་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔ་ལོ་ཕྱི་ཟླ་ ༡༠ དང་། འདི་ལོ་ཕྱི་ཟླ་༡ ནང་སོ་སོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ཁག་ལ་ཆེད་བཅར་གྱིས། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞུ་གཏུགས་བྱས་ཡོད་ནའང་། ད་ལྟའི་ཆར་ཟླ་བ༧ ལྷག་ཕྱིན་པ་དང་། བོད་ནང་མི་གྲངས་༤༩ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། མི་གྲངས་༣༩ ཙམ་གྱི་སྐུ་སྲོག་ཤོར་བའི་གནས་སྟངས་ཛ་དྲག་ཆགས་བཞིན་པར། སྤྱི་འཐུས་རྒྱུན་ལས་ནས་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། སྔོན་མ་དང་མི་འདྲ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དངོས་སུ་ཕེབས་ཏེ། བཀའ་མོལ་ཞུ་གཏུགས་དགོས་གལ་ཆེ་ལུགས་གྲོས་མཐུན་བྱུང་སྟེ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་གཉིས་ཕྱི་ལོ་༢༠༡༢ ཟླ་༨ ཚེས༢༡ ཉིན་ཞོགས་པའི་ཆུ་ཚོད་༧།༡༥ ཐོག་རྡ་ས་ནས་ཐོན་ཏེ། ཕྱི་ཚེས་༢༢ ཉིན་ནས་བཟུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་བཅས་རྣམ་པ་གསུམ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྒྲིག་འཛུགས་ཁག་དང་། རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་གང་མང་ལ་མཇལ་རྒྱུའི་ལས་རིམ་ནང་། བླ་ཆེན་པོབ་(Holy See.)ཀྱི་སྐུ་ཚབ་(Romanasi Mibina)རོ་མ་ན་སི་མི་བྷི་ན་མཆོག་དང་། Msgr. Marco Sprizzi མར་ཀོ་སི་པེའི་རི་ཛེ་མཆོག་རྣམ་གཉིས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ Miloslav STASEK མི་ལོ་སི་ལབ་སི་ཊ་སེཀ་མཆོག་དང་། Jana PETERKOVA ཛྙ་ན་པི་ཊར་ཀོབ་མཆོག་རྣམ་གཉིས་བཅས་ལ་སྔ་ཕྱིར་མཇལ་བཅར་གྱིས་ཆུ་ཚོད་གཅིག་རེ་ལྷག་ལ། ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༡༣ བར་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་དང་། ཀན་སུའུ་དང་། སི་ཁྲོན་བཅས་ཀྱི་ནང་སྐྱ་སེར་ཕོ་མོ་མི་གྲངས༤༩ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། མི་གྲངས་༣༩ འདས་གྲོངས་སུ་གྱུར་བ་དང་། གཞན་ཡང་། རྒྱ་དམག་གིས་བོད་མི་དམར་བསད་བཏང་བ་དང་། གར་སོང་ཆ་མེད་དུ་གྱུར་བ་དང་། ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་བཙོན་འཇུག་དང་། རྡུང་རྡེག་མནར་གཅོད། བསུན་གཙེར་དམ་དྲག་སོགས་ཆེས་ཡ་ང་བའི་གནས་སྟངས་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན།
༡༽ རྒྱ་ནག་གི་མི་འབོར་བོད་ནང་སྤོ་ཤུགས་བྱས་ཏེ་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་བཞིན་པ་དང་། ༢༽ བོད་མི་རིགས་ལ་ཆབ་སྲིད་དང་། རིག་གཞུང་། སྐད་ཡིག བསམ་བློ། སྨྲ་བརྗོད་བཅས་ཀྱི་ཐོག་རང་དབང་མེད་པ་དང་། ༣༽ཁོར་ཡུག་གཏོར་སྐྱོན་དང་། ༤༽དཔལ་འབྱོར་ཐོག་མི་རིགས་དབྱེ་འབྱེད་བཅས་ཀྱི་སྐོར་ཞིབ་ལྷུག་འགྲེལ་བཤད་བྱས་པར་དྲི་བ་དྲིས་ལན་གནང་།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཁག་ལ་ཆེད་བཅར་གྱིས། བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུགས་བྱ་དགོས་དོན་གཙོ་བོ་ནི། རྒྱལ་ཁབ་སོ་སོས་བོད་དོན་ཐོག་སྲིད་བྱུས་འཛིན་སྟངས་གཙོ་བོ་དེ། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་གཞུང་ཚབ་ཁང་ཁག་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁང་ཁག་གཉིས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གནས་ཚུལ་གཞིར་བཞག་གིས་ཐག་གཅོད་གནང་གི་ཡོད་སྟབས། ཐེངས་འདིར་སྤྱི་ལྷན་གྱི་སྐུ་ཚབ་རྣམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཛ་དྲག་གིས་ཆེད་ཕེབས་གནང་ཡོད་པ་རེད།
ཕྱི་ཟླ་༨ ཚེས་༢༣ ཉིན། སྔ་དྲོ་ཆུ་ཚོད་༡༡ ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་བཅས་བྷེལ་ཇེམ་གཞུང་ཚབ་ཁང་དུ་གཞུང་ཚབ་ཆེན་མོ་གཞོན་མཆོག་དང་ལྷན་དུ་བཀའ་མོལ་གནང་བ་དང་། ཡང་། ཆུ་ཚོད་༡༢།༣༠ ཐོག ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ཁང་དུ་གཞུང་ཚབ་དྲུང་ཆེ་དང་པོ་ལྕམ་སྐུ་མཆོག་དང་། ཡང་ལྕམ་སྐུ་མཆོག་རྣམ་གཉིས་དང་།
ཉིན་རྒྱབ་ཆུ་ཚོད་༣ པར། ཁིར་གྷེ་སི་ཐན་གྱི་གཞུང་ཚབ་ཆེན་མོ་མཆོག་དང་། ཆུ་ཚོད་༤།༣༠ ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་མཆོག་རྣམ་གཉིས་བཅས་ལ་རིམ་བཞིན་མཇལ་བཅར་གྱིས་གོང་གསལ་ཡིག་ཆ་ཁག་ཕུལ་ཏེ། འགྲེལ་བརྗོད་ཞུས།
་ཕྱི་ལོ་༢༠༠༩ ནས་ཕྱི་ལོ་༢༠༡༢ ཟླ༨ ཚེས༡༣ བར། བོད་མི་མི་གྲངས་༤༩ ཡིས་རང་ལུས་མེར་བསྲེགས་ཀྱིས། རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱས་་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་༣༩ ཡི་སྐུ་སྲོག་ཤོར་བ་དང། གཞན་ཡང་། དམར་བསད་བཏང་བ་དང་། རྨས་སྐྱོན་བཏང་བ། བོད་ས་ཡོངས་རྗོགས་ལ་དྲག་པོའི་ཁྲིམས་གཞི་བསྡམས་པ་དག་གི་ཚོན་པར་ཤོག་གྲངས་༨ ཅན་ཞིག་དང་། སྐུ་གཤེགས་དཔའ་བོ་དཔའ་མོ་ཚོ་རེ་རེའི་སྐུ་པར་དང་ལོ་རྒྱུས་མདོར་བསྡུས་རེ་གསལ་བའི་ཡིག་ཆ་ཤོག་གྲངས་༩ ཅན་ཞིག་དང་། ཁོང་ཚོའི་ཤི་ཁའི་ཞལ་ཆེམས་ཤོག་གྲངས་༣ ཅན་ཞིག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་པའི་བོད་ཕྱི་ནང་གཉིས་ཀའི་གསོན་པོའི་རེ་འདོད། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང། བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས་པ། གཞན་ཡང་། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་བཅས་གསལ་བོར་བཀོད་པའི་ཡིག་ཆ་ཤོག་གྲངས༣ ཅན་ཞིག་བཅས། ཡིག་ཆ་ཁག་བཞི་རེ་འབུལ་ལམ་ཞུས་པར་མ་ཟད་། ཡིག་ངག་གཉིས་ཐོག་ནས་འགྲེལ་བཤད་ཞིབ་ལྷུག་དང་འབྲེལ། དྲི་བ་དྲིས་ལན་ཆུ་ཚོད་གཅིག་ཙམ་གནང་བ་དང་། ཕྱི་ཟླ་༨ ཚེས་༢༤ ཉིན། སྔ་དྲོ་ཆུ་ཚོད་༡༠ པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Slovakia) སོ་ལོ་ཝ་ཀེ་ཡ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མཆོག་དང་། ཆུ་ཚོད་༡༢།༠༠ ཐོག (Jordan ཇོར་དྲེན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་གཞོན་པ་མཆོག་དང་། ཆུ་ཚོད་༡༣།༣༠ ཐོག་(Austrian Embassy)ཨོས་ཌེན་གཞུང་ཚབ་སྐུ་གཞོན་མཆོག་བཅས་ལ་སྔ་ཕྱིར་མཇལ་བཅར་གྱིས། ཆུ་ཚོད་རེ་རེ་ལྷག་ཙམ་ལ་བཀའ་མོལ་ཞིབ་ལྷུག་དང་འབྲེལ་འཆར་ཅན་གྱི་མཛད་རིམ་མུ་མཐུད་བསྐྱངས།
ཕྱི་ཚེས་༢༦ གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་མ་འོངས་འགོ་ཁྲིད་ཀྱི་སྦྱོང་བརྡར་སྐབས། རྒྱལ་ས་ལྡི་ལིའི་བོད་ཁྱིམ་ཚོགས་ཁང་ནང། མཐོ་སློབ་ལོ་རིམགསུམ་པའི་སློབ་གཉེར་བ་མི་གྲངས་་༤༠ ཙམ་ལ། རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་ཅེས་པའི་བརྗོད་གཞིའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་ཐོག་མཐོ་རིམ་སློབ་མ་ཚོར་གསུང་བཤད་གནང་བ།རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་ཐོག་མཐོ་རིམ་སློབ་མ་ཚོར་གསུང་བཤད་གནང་བ།
ཕྱི་ཚེས་༢༧ ཉིན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་རྣམ་པ་གསུམ་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག (Swiss)སིད་སུའི་གཞུང་ཚབ་ཁང་ནང་། སིད་སུའི་གཞུང་ཚབ་གཞོན་པ་མཆོག་དང་། ཆུ་ཚོད་༡༢ ཐོག(Finland ) ཧྥིན་ལིན་ཌི་གཞུང་ཚབ་ཁང་གི་ཆབ་སྲིད་དྲུང་ཆེ་གཉིས་པ་མཆོག་དང་། ཉིན་རྒྱབ་ཆུ་ཚོད་༣།༣༠ ཐོག (Taiwan)ཐེ་ཝན་གཞུང་ཚབ་ཁང་དུ། ཐེ་ཝན་གཞུང་ཚབ་དྲུང་ཆེ་དང་པོ་ལྕམ་སྐུ་རྣམ་གཉིས་མཆོག་དང་ལྷན་དུ་བོད་དོན་ཐོག་ཆུ་ཚོད་གཅིག་ལྷག་རེ་ཙམ་ལ་བཀའ་མོལ་ཞིབ་ལྷུག་དང་འབྲེལ་མཛད་རིམ་འཆར་ཅན་ལྟར་བསྐྱངས།
ཕྱི་ཚེས་༢༨ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག རྒྱལ་ས་ལྡི་ལིའི་(International Committee of the Red Cross)རྒྱལ་སྤྱིའི་རྒྱ་ཀྲམ་དམར་པོའི་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་རྣམ་གཉིས་དང་། ཆུ་ཚོད་༡༢ ཐོག (Italian)ཨེ་ཌ་ལིའི་གཞུང་ཚབ་ཁང་དུ། ཆབ་སྲིད་དྲུང་ཆེ་དང་པོ་ལྩམ་སྐུ་རྣམ་གཉིས་མཆོག་དང་། ཉིན་རྒྱབ་ཆུ་ཚོད་༣།༣༠ ཐོག (Japan Embassy) ཉི་ཧོང་གཞུང་ཚབ་ཁང་དུ། ཆབ་སྲིད་དྲུང་ཆེ་མཆོག་དང་། ལྕམ་སྐུ་མཆོག་རྣམ་གཉིས་དང་། ཆུ་ཚོད་༥།༣༠ ཐོག (Congress Party) རྒྱ་གར་རྒྱལ་ཡོངས་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ། གྲོས་ཚོགས་གོང་མའི་འཐུས་མི་སྙན་གྲགས་ཅན། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Satya Varat Chaturva)ས་ཏི་ཡ་བར་ཐི་ཅ་ཏོ་ཏི་བར་ཏི་མཆོག་བཅས་སོ་སོར། ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༢༧ བར་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་དང་། ཀན་སུའུ་དང་། སི་ཁྲོན་བཅས་ཀྱི་ནང་སྐྱ་སེར་ཕོ་མོ་མི་གྲངས༥༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། ཆེས་ཡ་ང་བའི་གནས་སྟངས་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་སྐོར་ཞིབ་ལྷུག་འགྲེལ་བཤད་བྱས།
ཕྱི་ཚེས་༢༩ ཉིན་སྔ་དྲོ་ཆུ་ཚོད་༩།༣༠ ཐོག། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་ (Canadian Embassy ) ཁེ་ན་ཌ་གཞུང་ཚབ་ཁང་དུ། གཞུང་ཚབ་གཞོན་པ་སྐུ་ཞབས་མཆོག་དང་། ཁོང་གི་ལས་རོགས་རྣམ་གཉིས་དང་།
ཆུ་ཚོད་༡༡།༠༠ ཐོག (GermanyEmbassy)འཇར་མན་ནིའི་གཞུང་ཚབ་ཁང་དུ། ཆབ་སྲིད་དྲུང་ཆེ་སྐུ་ཞབས་མཆོག་དང་། ལྕམ་སྐུ་མཆོག་གཞན་རྣམ་པ་གཉིས་རྣམས་དང་། ཆུ་ཚོད་༡༢།༣༠ ཐོག (Sweden Embassy) སུད་ཌན་གཞུང་ཚབ་ཁང་དུ། ཆབ་སྲིད་དྲུང་ཆེ་དང་པོ་ལྕམ་སྐུ་མཆོག་དང་། ལས་རོགས་རྣམ་གཉིས་མཆོག་རྣམས་དང་། ཆུ་ཚོད་༡།༣༠ ཐོག (United States of America Embassy) ཨ་རིའི་གཞུང་ཚབ་ཆབ་སྲིད་འགན་འཛིན་ལྕམ་སྐུ་མཆོག་དང་། ཆབ་སྲིད་དྲུང་ཆེ་དང་པོ་ལྕམ་སྐུ་མཆོག་དང་། ཁོང་རྣམ་གཉིས་ཀྱི་ལས་རོགས་གཅིག་བཅས་དང་། ཆུ་ཚོད་༣།༠༠ ཐོག (French Embassy) ཧྤ་རེན་སིའི་གཞུང་ཚབ་འབྲེལ་མཐུད་པ་ལྕམ་སྐུ་མཆོག་དང་། ཆུ་ཚོད་༤།༣༠ ཐོག (British High Commisson )དབྱིན་ཇིའི་གཞུང་ཚབ་ཁང་དུ། དབྱིན་ཇིའི་གཞུང་ཚབ་ཆེན་མོ་གཞོན་པ་སྐུ་ཞབས་མཆོག་དང་། ཆབ་སྲིད་དྲུང་ཆེ་གཉིས་པ་སྐུ་ཞབས་མཆོག་རྣམ་གཉིས་དང་།
ཕྱི་ཚེས་༣༠ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་སྔ་དྲོ་ཆུ་ཚོད་༩།༣༠ ཐོག (Hungarian Embassy) ཧང་གྷ་རིའི་གཞུང་ཚབ་ཁང་དུ། གཞུང་ཚབ་ཆེན་མོ་གཞོན་པ་སྐུ་ཞབས་མཆོག་དང་། ཆུ་ཚོད་༡༡།༣༠ ཐོག ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཚོགས་ཁང་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་བཅས་ལྷན་འཛོམས་ཐོག ཐེངས་འདིའི་སྤྱི་འཐུས་རྣམ་པའི་མཛད་རིམ་ནང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད། རྒྱ་གར་དང་བོད་ཀྱི་གསར་འགོད་པ་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། གཞུང་ཚབ་ཁང་ཁག་ཏུ་ཕུལ་པའི་ཡིག་ཆ་ཁག་བཞི་འགྲེམ་སྤེལ་བྱས་དང་། དཔལ་ལྡན་ཚོགས་གཙོ་མཆོག་ནས་གནས་ཚུལ་ཞིབ་བརྗོད་གནང་བར་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ཁག་ལ་བློ་འཚབ་ཆེན་པོས་བཀྲམས་པའི་ཡིག་ཆ་དང་དེའི་ནང་དོན་གང་ཡིན་གསལ་བཤད་གནང་། ཆུ་ཚོད་༣།༠༠ ཐོག (New Zealand Embassy) ནི་ཛུ་ལན་གྱི་གཞུང་ཚབ་ཁང་གི་ཆབ་སྲིད་དང་། དཔལ་འབྱོར་དྲུང་ཆེ་གཉིས་པ་སྐུ་ཞབས་མཆོག་དང་། ཆུ་ཚོད་༥།༠༠ ཐོག་(BJP)བི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་། རྒྱ་གར་ཕྱི་སྲིད་དང་། དཔལ་འབྱོར་བློན་ཆེན་ཟུར་བ་སྐུ་ཞབས་(Yashwant Sinha)ཡ་ཤ་ཝན་སི་ན་བཅས་སོ་སོར།
བི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི། རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་་སྐུ་ཞབས་ཡ་ཤ་ཝན་སིན་མཆོགབི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི། རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་་སྐུ་ཞབས་ཡ་ཤ་ཝན་སིན་མཆོག
ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༢༧ བར་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་དང་། ཀན་སུའུ་དང་། སི་ཁྲོན་བཅས་ཀྱི་ནང་སྐྱ་སེར་ཕོ་མོ་མི་གྲངས༥༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། མི་གྲངས་༤༡ འདས་གྲོངས་སུ་གྱུར་བ་དང་། དེ་ཡང་ཕྱི་ལོ་༢༠༠༩ ལོར་མི་གཅིག་དང་། ཕྱི་ལོ་༢༠༡༡ ལོར་མི་གྲངས་༡༢ དང་། ཕྱི་ལོ་༢༠༡༢ ལོར་མི་གྲངས༣༨ དང་། ད་ལྟའི་ཕྱི་ཟླ་༨ པ་གཅིག་པུའི་ནང་མི་གྲངས༧ གྱིས་རང་ལུས་མེར་བསྲེགས་གནང་འདུག་པས་མེར་བསྲེགས་ཀྱི་གྲངས་འབོར་དང་མྱུར་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་པ་དང་། མེར་བསྲེགས་བཏང་བའི་སྐུ་ཕུང་ཡང་མ་སྤྲད་པར་ཐལ་བ་ཙམ་ལས་ཤུལ་ལུས་ནང་མི་ཚོར་འབྱོར་གྱི་མེད་པས། མ་གྲོངས་གོང་དུ་དོན་ལྔ་སྣོད་དྲུག་ཀྱང་ཚོང་སྒྱུར་བྱེད་ཀྱི་ཡོད་མེད་སོགས་ལ་དོགས་པ་ཡོད་པ་དང་། གཞན་ཡང་། རྒྱ་དམག་གིས་བོད་མི་དམར་བསད་བཏང་བ་དང་། གར་སོང་ཆ་མེད་དུ་གྱུར་བ་དང་། ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་བཙོན་འཇུག་དང་། རྡུང་རྡེག་མནར་གཅོད། བསུན་གཙེར་དམ་དྲག་སོགས་ཆེས་ཡ་ང་བའི་གནས་སྟངས་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན།
༡༽ རྒྱ་ནག་གི་མི་འབོར་བོད་ནང་སྤོ་ཤུགས་བྱས་ཏེ་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་བཞིན་པ་དང་། ༢༽ བོད་མི་རིགས་ལ་ཆབ་སྲིད་དང་། རིག་གཞུང་། སྐད་ཡིག བསམ་བློ། སྨྲ་བརྗོད་བཅས་ཀྱི་ཐོག་རང་དབང་མེད་པ་དང་། ༣༽ཁོར་ཡུག་གཏོར་སྐྱོན་དང་། ༤༽དཔལ་འབྱོར་ཐོག་མི་རིགས་དབྱེ་འབྱེད་བཅས་ཀྱི་སྐོར་ཞིབ་ལྷུག་འགྲེལ་བཤད་བྱས་པར། ཐེངས་འདིའི་སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་པ་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཁྱོན་ཆབ་སྲིད་གནད་ཡོད་མི་སྣ་༤༡ དང་། གཞུང་ཚབ་ཁང་༢༠ དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ངོ་བོ་ལྡན་པའི་གཞུང་ཚབ་ཁང་གསུམ་དང་། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་གནད་ཡོད་མི་སྣ་གཉིས་བཅས་ལ་མཇལ་འཕྲད་ཞུས་ཏེ་ཞུ་གཏུགས་བྱས་པར། ཁོང་རྣམ་པས་ཐུགས་འཚབ་ཀྱིས་གདུང་སེམས་མཉམ་སྐྱེད་ཐོག བོད་ཕྱི་ནང་དང་རྒྱལ་སྤྱིའི་ནང་བཅས་ཀྱི་བོད་ཀྱི་གནས་བབ་ཚོར་ཤུགས་ཆེན་པོས་གླེང་སློང་གནང་བ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱི་དང་ཕྱིའི་རྒྱལ་ཁབ་ཁག་གི་རང་དབང་ཅན་གྱི་རྟོག་ཞིབ་པ་དང་། གསར་འགོད་པ་རྒྱ་ནང་དུ་ཡོང་འཇུག་གི་མེད་པས། ཁྱེད་རང་ཚོའི་ངོས་ནས་བོད་ནས་བྱུང་བའི་ཛ་དྲག་གི་གནས་སྟངས་ཁག་ང་ཚོར་ཡང་ཡང་འབྲེལ་གཏུགས་བྱ་རྒྱུར་གལ་ཆེན་ཡིན་ལུགས་དང་། སྙན་ཞུ་ཁག་རྒྱལ་ཁབ་སོ་སོའི་ཕྱི་སྲིད་ལས་ཁུངས་ཨ་མར་འཕྲལ་འབུལ་གྱིས་མཁྱེན་རྟོགས་ཐུབ་པ་དང་། དེའི་ཐོག་རྒྱབ་སྐྱོར་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཐད། ཕན་གང་ཐོགས་བྱ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་ཀྱི་སྐུ་ཚབ་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐྱོད་སྐབས། རྒྱ་ནག་གཞུང་ཚབ་ཁང་གིས་འཆར་ཅན་གཞུང་ཚབ་ཁང་ཁག་ལ་ཁ་པར་གཏོང་བའམ་། ཡང་ན་ཡི་གེ་རེ་གཏོང་བཞིན་ཡོད་ཀྱང་། ད་ཐེངས་ནོངས་འཚབ་ཆེན་པོས་གཞུང་ཚབ་ཁང་ཆེ་ཁག་ཁ་ཤས་ལ་ཆབ་སྲིད་དྲུང་ཆེ་དང་པོ་དངོས་སུ་བཅར་ནས་ཡིག་ངག་གཉིས་ཐོག་ནས་ང་ཚོ་དང་མཇལ་འཕྲད་མི་བྱེད་རྒྱུའི་རེ་འདུན་བཏོན་ཡང་། བློ་འཚབ་ཀྱི་རྣམ་འགྱུར་དེས་ང་ཚོས་དུས་ཚོད་ཀྱིས་འབྲེལ་གཏུགས་བྱེད་རྒྱུ་མ་བྱུང་བའི་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁང་ཁག་ལ་ཡང་བོད་དོན་ཐོག་ཚོར་ཤུགས་སྤྲོད་རྒྱུའི་སྒུལ་ཤུགས་སྤྲད་ཡོད་པ་རེད། རྒྱ་ནག་དང་རྒྱ་གར་ལ་དོ་སྣང་ཡོད་མཁན་གྱི་གཞུང་ཚབ་ཁང་ཅིག་ལ་མཚོན་ན། དུས་ཚོད་འདིའི་ནང་བོད་རྒྱ་གཉིས་དབར་གྱི་འགལ་འབྲེལ་ལ་དོ་སྣང་དང་ཆ་རྒྱུས་ལོན་ཐབས་མི་བྱེད་ག་ལ་སྲིད། ཡིན་ན་ཡང་རྒྱ་གཞུང་གིས་གཤམ་གསལ་ཡི་གེ་འདི་གཞུང་ཚབ་ཁག་ཁག་ལ་ཆེད་མངགས་བསྐྱལ་ཡོད་པ་རེད།
རྒྱ་ནག་གཞུང་ཚབ་ཁང་གིས་གཞུང་ཚབ་ཁང་ཁག་ལ་བཏང་བའི་ཡི་གེ

ང་ཚོས་ཤེས་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟེར་བ་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཁག་ཅིག་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁང་ཁག་ཅིག་དང་། རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་ནང་གི་གནད་དོན་ཟེར་བ་ཞུ་གཏུགས་བྱ་རྒྱུར། ཕྱི་ལོ༢༠༡༢ ཟླ༨ ཚེས༢༢ ནས་བཟུང་། འབྲེལ་གཏུགས་བྱ་རྒྱུ་ཡིན་འདུག རྒྱ་ནག་གི་ངོས་ནས་འདིའི་ཐོག་སེམས་འཚབ་ཆེན་པོ་ཡོད་ཞུ་རྒྱུ་ཡིན།
ཚང་མས་མཁྱེན་གསལ་ལྟར། བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གི་བོད་ཐོག་མངའ་དབང་ཡོད་པ་རྩོད་མེད་ཡིན། དོན་དངོས་གནས་སྟངས་འདི་རྒྱལ་སྤྱིའི་སྤྱི་ཚོགས་རྒྱ་ཆེ་བས་ངོས་ལེན་ཞུ་བཞིན་ཡོད། བོད་དོན་དང་འབྲེལ་བའི་གནད་དོན་འདི་རྒྱ་ནག་གི་མངའ་དབང་དང་ས་ཁོངས་གཅིག་སྡུད་ཀྱི་འབྲེལ་བ་ཙམ་མ་ཟད། རྒྱ་ནག་གི་གནད་དོན་གཙོ་བོ་དང་། རྒྱ་ནག་མི་མང་གི་སེམས་ཚོར་དང་འབྲེལ་བ་ཆགས་ཡོད། ཏཱ་ལའི་བླ་མ་བགྲེས་ཡོལ་ཆ་ཚང་ཐོན་ཡོད་ཟེར་ཡང་། ད་དུང་བཙན་བྱོལ་བོད་གཞུང་ཟེར་བ་དེར་མུ་མཐུད་ནས་བསམ་བློའི་ཇུས་འགོད་པའི་གནས་སྟངས་ཐོག་གནས་ཡོད་པར་མ་ཟད། རྒྱ་ནག་དང་ལྡོག་ཕྱོགས་ཀྱིས་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་དང་། རྒྱ་ནག་གི་བརྟན་བརླིང་ལ་གནོད་སྐྱོན་དང་། སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་གནོད་སྐྱོན་དུ་འགྲོ་བའི་ལས་གཞི་མཚམས་མ་ཆད་པར་སྤེལ་བཞིན་ཡོད། ཉེ་ལམ་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་ཚོ་ཏཱ་ལའི་རུ་ཁག་གིས་ཆབ་སྲིད་ཀྱི་དགོས་མཁོ་དམིགས་བསལ་ཅན་གྱི་འོག་ནས་བརྒྱུད་སྐུལ་བྱས་དང་བྱེད་མུས་རེད།
གོང་གསལ་གནད་དོན་འདི་དག་གཞི་ལ་བཞག་པའི་ཐོག་ནས་སྤེན་པ་ཚེ་རིང་གིས་ད་ཐེངས་རྣམ་པ་ཚོའི་སར་བཅར་དགོས་དོན་གཙོ་བོ་དེ། གནས་ཚུལ་ངོ་མ་མ་ཡིན་པ་བརྒྱུད་བསྒྲགས་བྱེད་པ་དང་། ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཚོར་བསླུ་བྲིད་བཏང་ཐོག རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་དབར་དང་། རྒྱ་ནག་དང་རྒྱལ་སྤྱིའི་ངོ་བོ་ལྡན་པའི་སྤྱི་ཚོགས་དབར་རྙོག་དྲ་བཟོ་ཆེད་ཡོང་བ་རེད།
དེ་བས་ན་རྒྱ་ནག་གཞུང་ཚབ་ངོས་ནས་ཏཱ་ལའི་རུ་ཁག་གི་ངོ་བོ་དང་མིང་གང་འདྲ་ཞིག་གི་ཐོག་ནས་གཞུང་ཚབ་ཁང་ཁག་དང་། རྒྱལ་སྤྱིའི་ངོ་བོ་ལྡན་པའི་སྒྲིག་འཛུགས་ཁག་ལ་འབྲེལ་བ་ཞུ་འཆར་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཁྱེད་རང་ཚོ་གཞུང་ངོས་ནས། སོ་སོའི་གཞུང་ངོས་ནས་ལས་དོན་ཐོག་ཁས་ལེན་གནང་བཞག་པ་དེ་དག་བརྩི་བཀུར་ཞུ་དགོས་རྒྱུ་དང་། ཏཱ་ལའི་རུ་ཁག་གིས་དམིགས་ཡུལ་ངེས་ཅན་དེ་དག་ལ་རྒྱུན་དུ་ནས་དོ་སྣང་གནང་དགོས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་སྣེ་ལེན་ཞུ་རྒྱུས་མཚོན་པའི་ངོ་བོ་གང་གི་ཐོག་ནས་ཐུག་འཕྲད་གནང་སྟེ། ཕྱིའི་རྣམ་པའི་ཐོག་ནས་བརྡ་ལན་ནོར་འཁྲུལ་མི་འགྲོ་བ་དང་། ང་ཚོ་རྒྱལ་ཁབ་ཕན་ཚུན་དབར་གྱི་སྤྱི་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོབ་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་རེད།

Menu