བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་ལས་འགུལ་སྤེལ་སྐབས་བྱེད་སྒོའི་ལམ་སྟོན།

༡༽ ལས་འགུལ་གྱི་དུས་ཡུན་དང་ས་གནས།

༢༠༡༡།༡༠།༡༨ ནས་ ༢༡ ཉིན་བར། རྒྱ་གར་རྒྱལ་ས་ལྡི་ལི།

༢༽ ལས་འགུལ་གྱི་མཛད་རིམ།(རགས་ཟིན།)

༢༠༡༡།༡༠།༡༨    སྤྱི་འཐུས་རྣམ་པས་འཇན་ཏར་མན་ཏར་དུ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་ལ་ལྡི་ལི་མི་མང་མཉམ་ཞུགས་གནང་རྒྱུ་དང་། ཕྱོགས་མཐའི་མང་ཚོགས་རྣམས་ལྡི་ལིར་འབྱོར་ཐུབ་པ་དགོས་རྒྱུ། སྔ་དྲོ་ཆུ་ཚོད་  ༡༡ ཐོག་གསལ་འགོད་གསལ་བསྒྲགས།

༢༠༡༡།༡༠།༡༩    བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དང་བསྟུན་བོད་མི་གནས་ཡུལ་འཛམ་གླིང་ཡུལ་གྲུ་ཁག་ནས་ཉིན་བརྒྱ་དུས་གཅིག་ཏུ་ཟས་བཅད་སྨོན་ལམ་ཉིན་འཁྱོངས་ཚུགས་རྒྱུ་དང་། ལྡི་ལིར་སེར་མོ་བས་རུ་སྣེ་དྲངས་ཏེ་ར་ཇི་གྷཊ་ནས་འཇན་ཏར་མན་ཏར་བར་གོམ་བགྲོད།

༢༠༡༡།༡༠།༢༠    བུད་མེད་ཀྱིས་རུ་སྣེ་དྲངས་ཏེ་ར་ཇི་གྷཊ་ནས་འཇན་ཏར་མན་ཏར་བར་གོམ་བགྲོད།

༢༠༡༡།༡༠།༢༡    གཞོན་སྐྱེས་ཚོས་རུ་སྣེ་དྲངས་ཏེ་ར་ཇི་གྷཊ་ནས་འཇན་ཏར་མན་ཏར་བར་གོམ་བགྲོད།

རྒྱ་གར་གྱི་གནད་ཡོད་མི་སྣའི་གསུང་བཤད་ཉིན་ལྟར་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ གོ་སྒྲིག་ཞུ་རྒྱུ།

༣༽ ལས་འགུལ་བའི་གྲ་སྒྲིག་བྱེད་སྒོ།

  • བཀའ་ཤག་གི་བཀོད་ཁྱབ་ཕེབས་ཟིན་ལྟར། ལས་འགུལ་དུ་མཉམ་ཞུགས་ཀྱི་ཕར་ཚུར་ལམ་གྲོན་ཁུངས་སོ་སོ་ནས་གང་ཐུབ་ཀྱི་གཏོང་དགོས་རྒྱུ་དང་། གཏོང་དམིགས་གཏན་ནས་མེད་ཚེ། མི་མང་ལས་འགུལ་སྐབས་དངུལ་རྩིས་བདག་གཉེར་དང་། བཞུགས་གནས་དང་ཞལ་ལག་གོ་སྒྲིག་ཚོགས་ཆུང་ལ་འབྲེལ་བ་ཞུ་དགོས་ཤིང་། ལྡི་ལིར་ཞལ་ལག་དང་བཞུགས་མཚེར་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུ་རྒྱུ།
  • ལྡི་ལིར་ཉལ་ཆས་དང་བཞེས་ཕོར་སོགས་ལས་འགུལ་བ་སོ་སོས་མཉམ་འཁྱེར་དགོས་རྒྱུ།

༤༽ ལས་འགུལ་བའི་སྲུང་བྱ།

  • ལས་འགུལ་དུ་མཉམ་ཞུགས་གནང་སྐབས། འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་བརྩི་སྲུང་། བཟང་སྤྱོད་ཆེ་མཐོང་ལྡན་པ་ངེས་གནང་དགོས་རྒྱུ།
  • ལས་འགུལ་གྱི་ཐོག་མཐའ་བར་གསུམ་དུ་སྣེ་འཁྲིད་པས་གཞུང་འབྲེལ་བཀོད་སྒྲིག་ཇི་གནང་ལྟར་ལུགས་མཐུན་དགོས་རྒྱུ།
  • ལས་འགུལ་སྐབས་ཁུངས་སོ་སོའི་མི་མང་མཉམ་དུ་གནས་རྒྱུ་དང་། དོགས་གཞི་ཅན་གྱི་མི་སྣར་ཡིད་གཟབ་དགོས།
  • ཡུལ་མི་དང་སྐོར་སྲུང་བ། གསར་འགོད་པ་སོགས་ལ་ལུས་ངག་གཉིས་ནས་ཞི་འཇམ་དགོས་རྒྱུ།
  • རྒྱལ་དར་དང་འཕྲེད་དར། འབོད་ཚིག་བྱང་བུ་ལ་སོགས་འཕྱར་སྐབས། བདག་གཉེར་དང་བཀོལ་སྤྱོད་ཚུལ་མཐུན་བྱེད་དགོས།
  • ཟས་བཅད་སྐབས། གཟུགས་བབ་ཀྱི་རྐྱེན་པས་ཞལ་ཟས་བསྟེན་དགོས་རིགས་ནས་ལས་འགུལ་སྤེལ་ཡུལ་དང་འབྲེལ་བའི་གོ་སྒྲིག་ཚོགས་ཆུང་གིས་བཀོད་མངགས་ལྟར་བྱེད་དགོས་པ་ལས། ལས་འགུལ་སྤེལ་ཡུལ་དང་ཉེ་སྐོར་དུ་ཟས་རིགས་སྤྱོད་མི་ཆོག
  • གློ་བུར་དང་ཐོལ་བྱུང་གི་དཀའ་ངལ་འཕྲད་ཚེ། སྤྱི་འཐུས་སུ་རུང་ལ་འབྲེལ་གཏུགས་ངེས་གནང་དགོས་རྒྱུ།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༢ ལ།།