བོད་ནང་གདུང་སེམས་མཉམ་བསྐྱེད་ཆེད་སུད་སི་ནང་ཞི་རྒོལ་ལས་འགུལ།

ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༢༣ རེས་གཟའ་ཉི་མའི་ཉིན། བོད་ནང་རང་ལུས་ཞུགས་འབུལ་གྱིས་རྩ་དོན་ཆེད་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཆེད་བོད་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་རང་རང་གནས་ཡུལ་ས་གནས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་དང་སྤེལ་མུས་བཞིན། སུད་སི་ས་གནས་སུའང་བོད་མི་ཆིག་སྟོང་ལྷག་ཚང་འཛོམས་ཀྱིས་གྲོང་ཁྱེར་འཇི་ནིའི་ཝར་ལུས་ལ་རས་དཀར་གྱི་ཆས་གོས་གྱོན་པ་དང་། ལག་ཏུ་འཕྲེད་དར་མཉམ་འཁྱེར་གྱིས་སྐད་གསེང་མཐོན་པོའི་ཐོག་ནས་བོད་ནང་རང་ལུས་ཞུགས་འབུལ་བྱེད་ཀྱི་འདུག བོད་ལ་རོགས་བསྐྱོར་དགོས་ཀྱི་འདུག ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ནང་མནར་གཅོད་མཚམས་འཇོག་དགོས། བོད་ཀྱི་བདེན་མཐའ་སེལ་དགོས་སོགས་ཀྱི་འབོད་སྒྲ་ཤུགས་ཆེ་བསྒྲགས་པ་དང་། གཡས་གཡོན་ཕྱི་རྒྱལ་མི་སྣ་ཁག་ལ་ཡིག་ཆ་ཤོག་ལྷེ་འགྲེམས་སྤེལ་བྱེད་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཀྱི་ལས་ཁུངས་མདུན་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད། མདུན་ཐང་དུ་རི་ཀོན་ཆོས་འཁོར་དགོན་གི་མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་མ་ཎི་གསོག་སྒྲུབ་ཞུས་པ་དང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་ཀློག་འདོན་སོགས་ཀྱི་གསོལ་སྨོན་རྒྱ་ཆེར་ཞུས་གནང་ཡོད་པ་རེད། རིམ་བཞིན་འཛམ་གླིང་རྒྱལ་སྤྱིའི་མདུན་ཐང་བར་གོམ་བགྲོད་གནང་ནས་བོད་དོན་རྒྱབ་སྐྱོར་བ་འགའ་ཞིག་ནས་གསུང་བཤད་གནང་བ་དང་།

དེ་བཞིན་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་། ཚེ་འདས་གྲྭ་བཙུན་རྣམས་ཀྱི་འདྲ་པར་དང་ས་སྨྱུག་གིས་རྒྱལ་སྤྱིའི་གཞུང་སྒོའི་མདུན་དུ་མིའི་ གཟུགས་དབྱིབས་བྲིས་ནས་བོད་ནང་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་ཏུ་ཚེ་འདས་སུ་འགྲོ་ཡི་ཡོད་པའི་སྐོར་ཁྱབ་བསྒྲགས་གནང་བ་དང་། དགེ་འདུན་རྣམ་པས་དབུ་བསྐུལ་ཏེ་བདེན་གསོལ་སྨོན་ཚིག་གསུངས་པ་དང་མི་མང་ཟློས་ཚོགས་ཀྱིས་དབུ་བསྐུལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་ལས་འགུལ་མཇུག་བསྒྲིལ་གནང་ཡོད་པ་རེད།

Menu