བོད་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་མཁན་མི་མང་ལ་རྒྱ་གཞུང་གིས་མེ་མདའ་བརྒྱབ་པ་སོགས་དམ་དྲག་བཙན་གནོན་བྱས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

རྟའུ་ཉ་མཚོ་དགོན་གྲོང་གཉིས་ཀྱིས་རྨ་ཆེན་སྤོམ་རྩེར་སྐུའི་འཁྲུངས་སྐུར་སྲུང་གརྩི་ཞུས།

 

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་ས་ཁུལ་ཁམས་རྟའུ་དང་དཀར་མཛེས། ལི་ཐང་། བྲག་མགོ་བཅས་དང་།  མདོ་སྨད་ཀྱི་ས་ཁུལ་མགོ་ལོག་རྟ་བོ་དང་བླ་བྲང་། རྨ་ཆུ། ཆབ་ཆ། སྐུ་འབུམ་དགོན་བཅས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་འཁྲུངས་སྐང་སྲུང་བརྩི་བྱས་ཡོད་འདུག་པ་དང་། སྐབས་དེར་ཁམས་རྟའུ་ཉ་མཚོ་དགོན་གྱི་དགེ་འདུན་པ་དང་དགེ་ལྡན་ཆོས་གླིང་གི་བཙུན་མ་གཙོས་པའི་སེར་སྐྱ་མི་མང་ཚོས། ཡུལ་དེའི་གཞི་བདག་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་རྒྱ་ཆེན་བཏང་སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ། རྒྱ་གཞུང་གི་ཉེན་རྟོག་པའི་རླངས་འཁོར་ ༤ དང་དམག་མིའི་རླངས་འཁོར་ ༧ ཙམ་འབྱོར་ཏེ་བོད་མི་ཚོ་དང་གདོང་ཐུག་བྱུང་ཡོད་འདུག ཐོག་མར་མང་ཚོགས་ལ་འཇིགས་སྐུལ་གྱིས་ཕྱིར་ལོག་དགོས་ཚུལ་བརྗོད་སྐབས། མང་ཚོགས་ཀྱིས་རི་མགོར་བསང་བསོལ་གཏོང་བ་ནི་བོད་མིའི་ཡུལ་སྲོལ་ཡིན་སྐོར་བརྗོད་དེ་ཉན་འཇོག་བྱས་མེད་པ་དང་། སྐབས་དེར་དེ་སྔོན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་བའི་རྒྱལ་གཅེས་དཔའ་མོ་བཙུན་མ་དཔལ་ལྡན་ཆོས་མཚོ་ཡི་གཅུང་པོ་གྲྭ་བྱང་ཆུབ་རྡོ་རྗེས་རླངས་འཁོར་བཏང་ནས་རི་རྩེར་འབྱོར་བ་དང་། རྒྱ་མིའི་དམག་མི་ཚོས་ཁོང་གི་རླངས་འཁོར་ལ་རྡོ་གཞུས་ཏེ་ཤེལ་སྒོ་སོགས་བཅག་པ་མ་ཚད།  གྲྭ་བྱང་ཆུབ་རྡོ་རྗེ་དང་ཉ་མཚོན་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ། བྲག་ཆུང་གྲོང་པའི་ཨོ་རྒྱན་བཀྲ་ཤིས། ཉ་མཚོ་དགོན་གྱི་རྒན་བཀྲ་ཤིས་བསོད་ནམས། མི་སྐྱ་བཀྲ་ཤིས། མདུན་སྐྱ་གྲོང་པའི་སྙན་གྲགས། བཙུན་མ་ཞིག་བཅས་ལ་མེ་མདའ་བརྒྱབ་སྟེ་ད་ལྟ་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་འདུག

 

ལི་ཐང་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གརྩི་ཞུས།

ལི་ཐང་དགོན་ཆེན་དུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དབུས་ཀྱི་བཞུགས་ཁྲིའི་སྟེང་ཞལ་ཕྱེས་ཏེ། ས་གནས་དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་ཚོགས་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཆེན་པོ་ཞིག་ཚོགས་ཡོད་པ་དང་། དེར་འཕྲེད་དར་ཆེན་པོ་ཞིག་གི་སྟེང་དུ་ ༼ འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི།༽ཞེས་སོགས་བཀོད་དེ་མངོན་གསལ་དོད་པོས་སྦྱར་འགྲེམས་ཞུས་ཡོད་པ་མ་ཟད། མཛད་སྒོ་དེར་ས་གནས་ཀྱི་གཞས་པ་གཞས་མ་མང་པོ་གདན་ཞུ་ཕུལ་ཡོད་ཀྱང་། རྒྱ་གཞུང་གི་ཉེན་རྟོག་པས་འཇིགས་སྐུལ་བྱས་སྟབས་ཁག་ཅིག་ཡོང་ཐུབ་མེད་རུང་། གཞན་མང་པོ་ཞིག་འཁྲུངས་སྐར་མཛད་སྒོར་ཞུགས་ཏེ་གླུ་གཞས་བཏང་བ་སོགས་བྱས་ཡོད་འདུག་པ་དང་། དེ་བཞིན་ཁམས་དཀར་མཛེས་དགོན་པའི་ནང་དུ་གྲྭ་བཙུན་གཙོས་མང་ཚོགས་༢༠༠༠ ལྷག་འདུ་འཛོམས་ཐོག་བསང་གསོལ་རྒྱ་ཆེན་བཏང་བ་དང་། ༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འདོན་པ་སོགས་གནང་སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག

 

ལི་ཐང་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གརྩི་ཞུས།

མདོ་སྨད་མགོ་ལོག་རྟ་བོ་གྲོང་བརྡལ་དུ་གུ་རུ་རིན་པོ་ཆེ་མཆོག་གི་ལྷ་ཁང་ཆེན་པོ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ་དེ། ཕྱི་ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེར་ས་གནས་དེའི་དགོན་སྡེ་ཁག་གི་མཁན་སྤྲུལ་སེར་སྐྱ་མང་ཚོགས་འདུ་འཛོམས་དང་། ས་གནས་གཞན་གྱི་གཞས་པ་གཞས་མ་མང་པོ་ཞིག་ཆེད་དུ་གདན་འདྲེན་ཞུས་ཏེ་གླུ་གཞས་འཁྲབ་སྟོན་གྱིས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དང་། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་རྩ་བའི་བླ་མ་ཡིན་པར་བརྟེན། མགོན་པོ་གང་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་གང་ཡང་མེད་ཅིང་། ལར་ནས་འཁྲུངས་སྐར་སྲུང་བརྩི་ཞུ་བ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སོགས་དང་འབྲེལ་བའི་རིག་གཞུང་གི་བྱེད་སྒོ་ཞིག་ཡིན་ཀྱང་། རྒྱ་ནག་སྲིད་གཞུང་གིས་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྲུང་བརྩི་དང་། བསང་གསོལ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་དྲག་དཔུང་ཆེད་གཏོང་གིས་མེ་མདའ་རྒྱག་པ་སོགས་དྲག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་དེ་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཧ་ཅང་ཐ་ཤལ་ཅན་ཞིག་ཡིན་པས་འཛམ་གླིང་ཞི་བདེ་དང་། དྲང་བདེན་ལ་དགའ་བའི་སྲིད་གཞུང་ཁག་གིས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་རྒྱ་གཞུང་གིས་བྱ་སྤྱོད་འདི་རིགས་ངོས་འཛིན་ཐེར་འདོན་དང་། སྐྱོན་བརྗོད་ནན་པོ་གནང་སྐྱོང་དགོས་རྒྱུ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༩ ལ།

Menu