བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་གནང་བ།

DSC_0488 2ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་ སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་གནང་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཙམ་གྱི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཀོལ་སིངྒ་ཐ་ཀུར་ (Shri Kaul Singh Thakur) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་བཅས་གདན་ཞུ་གནང་ཡོད་པ་དང་། ད་དུང་སྐུ་མགྲོན་ཁོངས་དཔལ་ལྡན་སྤྱི་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་རྣམ་པ་དང་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་དང་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་། དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་གནང་གྲུབ་བསྟུན་གཡུ་ཐོག་གསོལ་འདེབས་གསུང་འདོན་གནང་ཡོད། སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་ ༦ པའི་རྩིས་པ་དཀའ་བཅུ་པ་རྣམས་ལ་རྩིས་རམས་པའི་ལག་ཁྱེར་གནང་གྲུབ་བསྟུན། སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་སུ་བདུད་རྩིས་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ལམ་ལྷོངས་ལེགས་གྲུབ་བྱུང་བར་དགའ་བསུའི་མཇལ་དར་གནང་།DSC_0447 2 དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྨན་སློབ་སྐབས་ ༡༧།༡༨།༡༩ རྣམས་ལ་ལོ་འཁོར་རྒྱུགས་འབྲས་རྩེར་སོན་གསུམ་རེ་ལག་འཁྱེར་གནང་། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྩིས་སློབ་སྐབས་ ༩།༡༠ པ་རྣམས་ལ་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་པ་གསུམ་དང་། ལོ་རེའི་རྩེ་ཕུད་སློབ་མ། སྤྱི་པའི་རྒན་བདག་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ་ཚང་མས་གསུང་བཤད་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་སྐབས་གསུང་དོན། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་གྱི་མཛད་སྒོར་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་ཕེབས་ཐུབ་པ་འདི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། དེར་བརྟེན་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་ཆབས་ཅིག་ཧི་མ་ཅལ་མངའ་སྡེའི་གཞུང་ནས་ད་བར་བོད་མི་རྣམས་ལ་མཐུན་འགྱུར་དང་རོགས་རམ་གནང་བ་སྤྱི་དང་། ལྷག་པར་བོད་ཀྱི་སྨན་རྩིས་ཁང་འདི་བཞིན་མུ་མཐུད་རྒྱ་བསྐྱེད་ཡོང་སླད་རེ་སྐུལ་གནང་བའི་དོན་ཚན་ཁག་དེ་དག་ལ་ངེས་པར་དུ་ཞལ་བཞེས་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་གནང་བ་དང་སྦྲགས། བོད་པའི་སྨན་པ་ཚོའི་ངོས་ནས་དགོངས་པ་བཞེས་ཕྱོགས་སྐོར་གསུངས་དོན། སྨན་པ་ཞེས་བརྗོད་སྐབས་རང་བཞིན་གྱི་བསམ་བློའི་ནང་གཞན་ཕན་དང་བྱམས་སྙིང་རྗེ། བཟང་པོའི་བློ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། སྤྱིར་ང་ཚོ་ཚང་མར་གཞན་ཕན་གྱི་བློ་དེ་དག་དགོས་ཀྱི་ཡོད། ལྷག་པར་སྨན་པ་རྣམས་ལ་ལྟ་སྟངས་དེ་འདྲ་ཡོད་པ་ངས་འདི་ལྟར་དྲན་གྱི་ཡོད། དེར་བརྟེན་སྨན་པ་ཚོས་སེམས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།DSC_0536 2

Menu