བོད་ཀྱི་བུད་མེད་ཀྱི་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

IMG_7648

དེ་རིང་ནི་བོད་ཀྱི་བུད་མེད་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལ་བརྟེན་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་། དེ་བཞིན་བུད་མེད་ཀྱི་ནུས་སྟོབས་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་བཀའ་ཤག་གིས་འདི་ལོ་ནས་བཟུང་ཕྱི་ཟླ་ ༣ ཚེས་ ༡༢ བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་བཞིན་བོད་ཀྱི་བུད་མེད་ཀྱི་ཉིན་མོར་ངོས་འཛིན་དང་ཆབས་ཅིག་ལོ་ལྟར་གཞུང་འབྲེལ་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གནང་ཡོད།

བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ཀྱིས་འགོ་ཁྲིད་དེ་རྒྱ་ནག་དམར་པོའི་གཞུང་གིས་བོད་སར་བཙན་འཛུལ་བྱས་པས་མ་ཚད། གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བར་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་བསྟན་སྲིད་དང་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཁབ་ལ་གཅེས་ཞེན་བཅས་མཐའ་གཅིག་ཏུ་བཅངས་ནས་རང་གི་ལུས་སྲོག་ལོངས་སྤྱོད་ཡན་བློས་གཏོང་གནང་སྟེ་རྒྱ་དམར་ལ་ངོ་རྒོལ་གྱེན་ལངས་བྱས་པའི་ཉིན་མོ་ཞིག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་ཟུབ་ཐབས་མེད་པའི་བོད་པའི་བུད་མེད་ཀྱི་ཕྱག་རྗེས་ཆེན་པོ་ཞིག་དང་། མི་རིགས་ཀྱི་འཐབ་རྩོད་ལ་ཕོ་མོ་ཁྱད་མེད་ཀྱིས་ནུས་པ་བཏོན་པའི་མདུན་སྐྱོད་ཆེན་མོ་ཞིག་ལ་ངོས་འཛིན་ཞུ་ཆོག དུས་དེ་ནས་བཟུང་བཙན་བྱོལ་དུའང་བུད་མེད་རྣམས་ཀྱིས་ཁུར་མཉམ་ལེན་གྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་ཞེས་སྲུང་བརྩི་རིམ་པ་ཞུས་དང་ཞུ་མུས་སུ་ཡོད།

སྤྱིར་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་ནང་པའི་ལྟ་གྲུབ་ཏུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རིགས་ཡོད་པར་མཚུངས་པས་སེམས་ཅན་ཐམས་ཅད་གཞི་རིམ་གྱི་འདྲ་མཉམ་དུ་བལྟས་ན་མིའི་རིགས་རྣམས་འདྲ་མཉམ་ཡིན་པ་སྨོས་མེད་དང་། སྟོན་པ་ཐུབ་པའི་དབང་པོས་ཀྱང་གདུལ་བྱ་རྣམས་ལ་རིགས་ཀྱི་བུའམ་བུ་མོ་ཞེས་བཀའ་སྩལ་བ་མ་གཏོགས་ཕྱོགས་གཅིག་ཏུ་འབོད་སྒྲ་གནང་བ་མེད་ཅིང་། དགེ་བསྙེན་ཕ་མ་དང་། དགེ་སློོང་ཕ་མ་ཞེས་འཁོར་རྣམ་པ་བཞི་ཚང་བའི་ཆོས་ཚིགས་ཀྱི་ཡུལ་དབུས་ཞེས་ངོས་འཛིན་གྱིས་སངས་རྒྱས་ཀྱི་ཆོས་ལུགས་སུ་ཕོ་མོ་འདྲ་མཉམ་གྱི་གནས་བབ་དང་དེའི་དགེ་མཚན་བཅས་བོད་མིའི་སྤྱི་ཚོགས་སུ་དར་ཁྱབ་རྒྱུན་གནས་སུ་ཡོད་བཞིན་པ་ཡིན།

IMG_7686

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་འདི་བཞིན་རིགས་རུས་དང་སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་འདྲ་མཉམ་དང་། མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་དགོངས་བཞེད་ཡོད་པ་ལྟར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་བོད་མིའི་མང་གཙོའི་ལམ་ལུགས་དངོས་སུ་སྲོལ་གཏོད་མཛད་པ་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་བཀའ་འཁྲོལ་གཏན་འབེབས་མཛད་ཅིང་། ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་ཡོང་ཁུངས་ཕོ་མོ་ཁྱད་མེད་ཐོག་བུད་མེད་ཆེད་སྤྱི་འཐུས་ཀྱི་ཞབས་སྟེགས་ཟུར་བཅད་གནང་ཡོད། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བཀའ་འཁྲོལ་བསྩལ་བ་ནས་བཟུང་སྤྱི་འཐུས་ཡོང་ཁུངས་ཕོ་མོ་ཁྱད་མེད་ཐོག་ཆོལ་ཁ་རེར་སྤྱི་འཐུས་ཀྱི་ཞབས་སྟེགས་གཉིས་རེ་བུད་མེད་ཆེད་ཟུར་བཅད་གནང་ཡོད།

༸གོང་ས་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་བཞིན་དུས་རབས་ ༢༡ པ་འདི་ཡི་ནང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ནང་བུད་མེད་ཀྱིས་མཉམ་ཞུགས་མང་བ་བྱུང་ཚེ་བུད་མེད་རྣམས་ཀྱི་བྱམས་སེམས་ལ་བརྟེན་ནས་འཛམ་གླིང་ནང་ཞི་བདེར་སྨན་རླབས་ཆེ་བ་ཡོང་བའི་རེ་བ་ཡོད་སྐོར་གྱི་བཀའ་སློབ་ཀྱང་སྩལ་ཡོད་པ་དང་། བུད་མེད་རྣམས་རང་བཞིན་གྱི་བྱམས་སེམས་དང་སྙིང་རྗེ་ཆེ་བ། ཕྲུ་གུ་གསོ་སྐྱོང་དང་བྱམས་སྐྱོང་གི་ནུས་སྟོབས་ཁྱད་པར་བ་ལྡན་པ་སོགས་ཀྱི་དངོས་མཐོང་རྒྱུ་མཚན་རྣམས་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་བུད་མེད་རྣམས་ཀྱིས་ལས་རིགས་གང་ལའང་སྣེ་འཁྲིད་ཀྱིས་འཛམ་གླིང་གི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་དང་། འཚེ་མེད་ཞི་བའི་ལམ་དུ་འཁྲིད་ཐུབ་པའི་སླད་དུ་ནུས་པ་ཆེ་བ་འདོན་རྒྱུ་དང་འགན་ཁུར་མང་ཙམ་བཞེས་དགོས་པ་གལ་ཆེན་ཆགས་ཡོད།

IMG_7678

ཉེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙུན་མ་ཉི་ཤུ་ཐམ་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་ཁྱེར་སྩལ་གནང་མཛད་ཡོད་པ་དེ་ནི་ནང་པ་སངས་རྒྱས་པ་དང་། བོད་མིའི་ལོ་རྒྱུས་སུ་འཁོད་རྒྱུའི་ཕྱག་རྗེས་ཆེན་པོ་ཞིག་མ་ཟད། བུད་མེད་ཀྱི་ནུས་སྟོབས་དངོས་སུ་བཏོན་ཐུབ་པ་བྱུང་བ་ཞིག་ཀྱང་ཡིན།

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོའི་དགེ་རྒན་དང་དགེ་རྒན་ལས་རོགས་རྣམས་བུད་མེད་བསྐོ་གཞག་གཙོ་འདོན་བྱ་དགོས་པའི་ཆ་རྐྱེན་བཞག་ཡོད་པ་མ་ཟད། སྔོན་འགྲོའི་དགེ་རྒན་རྣམས་ལ་ཕོགས་དང་མཐུན་རྐྱེན་གཞི་རིམ་དགེ་རྒན་དང་གཅིག་མཚུངས་སྤྲོད་དགོས་པའི་ཆ་རྐྱེན་བཞག་ཡོད་པས་དེ་དག་གིས་བུད་མེད་རྣམས་ཀྱི་བྱམས་བརྩེ་སོགས་རང་བཞིན་བཟང་པོའི་སྤྱོད་ཚུལ་རྣམས་རིམ་པས་སྤྱི་ཚོགས་ནང་ཁྱབ་འཕེལ་གྱིས་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་རླབས་ཡོང་ཕྱིར་ཆེད་མངགས་གོ་སྐབས་བསྐྲུན་པ་ཞིག་ཡིན།

དེ་བཞིན་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག སྤྱི་ཚོགས་ཀྱི་སྤྱི་མཐུན་དུ་གྲུབ་པའི་ཚོགས་སྡེ་གང་དུའང་བུད་མེད་སུ་འདྲ་ཞིག་ཡིན་རུང་རང་ནུས་གང་འཇོན་གྱི་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཆགས་ཡོད། སྤྱི་ཚོགས་འདྲ་མིན་དང་ལས་རིགས་གང་ལའང་ཆོས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ལ་སྐྱེས་པ་ཚོ་དང་མཉམ་དུ་གོ་སྐབས་འདྲ་མཉམ་ལེན་ཐུབ་པ་དང་། འགན་ཁུར་མཉམ་ལེན་བྱ་ཐུབ་པ་དགོས་པས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དྲན་སྐུལ་ཞུ་འདོད་བྱུང་།

IMG_7667

མཐའ་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཀྱི་བུད་མེད་ཡོངས་ཀྱི་བྱ་བ་གང་ཅིར་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ལ།། །།

Menu