བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་ནས་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཚོར་ཟབ་སྦྱོང་།

བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༦ ནས་ ༢༠༡༢ ཟླ་ ༡ ཚེས་ ༡ ཉིན་བར་དྷ་ཤོད་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཚོར་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཚུགས་བཞིན་ཡོད་པ་དང་། དེའི་སྐོར་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། འདི་ནི་ཉམས་ཞིབ་ཁང་འདིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཐེངས་ ༨ པ་དེ་ཡིན་པ་དང་། རེབ་འདིར་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་བསྡོམས་ ༧༣ དང་དགེ་རྒན་སྐོར་ཞིག་མཉམ་ཞུགས་བྱས་འདུག་ཅིང་། ཚེས་ ༢༦ ཉིན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོར་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་གནང་བ་དང་། ཉིན་དེའི་ཟབ་སྦྱོང་དངོས་གཞིའི་ལས་རིམ་ཁོངས་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་ངོ་སྤྲོད་དང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

ཟབ་སྦྱོང་གི་ལས་རིམ་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ།  འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག  རྩིས་ཞིབ་སྤྱི་ཁྱབ་པ་བཀའ་བརྒྱུད་དོན་འགྲུབ། དེ་བཞིན་སྤྱི་འཐུས་དང་གཞུང་ཞབས། ཤེས་ཡོན་འགན་འཛིན། སློབ་དགེ། ཉམས་ཞིབ་པ་སོགས་བསྡོམས་མི་སྣ་ ༢༠ ལྷག་གདན་ཞུས་ཀྱིས་ཟབ་ཁྲིད་གནང་རྒྱུ་ཡིན་པ་དང་། ད་དུང་སློབ་ཕྲུག་རྣམས་གངས་སྐྱིད་དང་མེག་ལོར་སོགས་སུ་ཆེད་བསྐྱོད་ཀྱིས་དབུས་ལས་ཁུངས་ཁག་དང་ཟུར་སྐྱོང་སྡེ་ཚན་ཁག་ངོ་སྤྲོད་ཀྱི་མཛད་རིམ་ཡང་གོ་སྒྲིག་བྱས་འདུག་ལ། ཟླ་ ༡ ཚེས་ ༢ ནས་ ༤ བར་ལྡི་ལིར་འགྲེམས་སྟོན་ཁང་ཁག་དང་རྒྱ་གར་གྲོས་ཚོགས། མཐོ་སློབ་ཁག་སོགས་སུ་ལྟ་སྐོར་དང་། མི་མང་ལས་འགུལ་དུ་མཉམ་ཞུགས་གནང་འཆར་ཡོད་འདུག །

 

Menu