བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་བ།

 

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༦ ཉིན་བཞུགས་སྒར་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་ནང་བོད་ཀྱི་

གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་

དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། དམིགས་བསལ་

སྐུ་མགྲོན་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་

ལགས། དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་

ནམས་ཆོས་འཕེལ་ལགས། རྒྱ་གར་ནང་གི་གསོ་རིག་མཐོ་སློབ་ཁག་གི་དབུ་དགེ་རྣམ་པ། ཆེས་མཐོའི་སྨན་

པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་ཟུར་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་

མཆོག་གི་སྣང་གསལ་ཞལ་ཕྱེ་གནང་རྗེས་གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་

འབྲས་སིལ་ཕུལ། དེ་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ངག་དབང་བཟོད་པ་

ལགས་ཀྱིས་ངོ་སྤྲོད་གསུང་བཤད་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་མཆོག་གིས་ལམ་སྟོན་གསུང་

བཤད་གནང་དོན།

ད་ལྟ་མང་ཆེ་བ་ཞིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་དེ་སྔ་སྨན་པའི་ལྷན་ཚོགས་ནས་

གང་དང་གང་གནང་ཡོད་མེད་ཆ་ཚང་བ་ཞིག་གསུངས་སོང། དེ་ནས་དགེ་བཤེས་བློ་བཟང་བསམ་གཏན་

ལགས་ཀྱིས་ཆ་ཚང་ཞིག་ཨ་ཡུཤ་ (Ayush) གསོ་བ་རིག་པ་ངོས་ལེན་བྱེད་སྟངས་དང་འབྲེལ་བའི་ཐོག་

ནས་གསུངས་སོང། ང་རང་སྒེར་གྱི་ཆ་ནས་དེ་སྔོན་སྨན་རྩིས་ཁང་གི་ནང་ཕྱག་ལས་གནང་མཁན་ཚོས་

འབད་ བརྩོན་གནང་བ་ངས་ཤེས་ཀྱི་ཡོད། དོན་དག་འགྲུབ་དང་མ་འགྱུབ་གནས་ཚུལ་ཐ་དད་རེད། གང་

ལྟར་ཝ་ར་ཎ་སིའི་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་དབུ་ཁྲིད་ནས་ད་ལྟའི་དུས་ཚོད་ལ་

ཨ་ཡུཤ་ནང་བོད་ཀྱི་གསོ་བ་རིག་པ་ངོས་འཛིན་བྱེད་ཐུབ་པའི་གནས་སྟངས་གྱུར་བ་དེ་ད་བར་སྐུ་ལས་

བསྐྱོན་པ་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་ལྟ་ལམ་སྟོན་མང་པོ་ཞིག་ཕེབས་སོང། དེའི་ནང་ནས་ང་

ཚོས་བཤད་དགོས་བསམ་པ་དེ་འདྲ་ཡང་གསུངས་སོང་བས། དེ་དག་བསྐྱར་ལྡབ་མ་དགོས་པའི་ཐོག་ནས་

དགེ་བཤེས་ལགས་ཀྱིས་རྗེས་སུ་གསུངས་པ་དེའི་ནང་ནས་ང་ཚོས་གང་ཐུབ་ཀྱི་ཡོད་མེད་དང། གང་བྱེད་

ཆོག་མིན་དེ་ཚོའི་གྲས་དབྱེ་བ་གསལ་པོ་འབྱེད་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོགས་འདུ་

འདིའི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་གོང་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་

གསུངས་པ་བཞིན་སྲིད་སྐྱོང་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག་རྣམ་གཉིས་སར་བཅར་དེ་སྙན་

གསན་ཞུ་རྒྱུའི་གོ་སྐབས་བྱུང་འདུག་པ་མ་ཟད། སྐབས་དེར་འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར་གཉིས་

ཀ་ལ་ཡང་གནས་ལུགས་ཞུས་འདུག  དེ་བཞིན་ཚོགས་གཙོ་སྦྲེལ་པོའི་སར་ཡང་བཅར་བྱུང་། སྤྱི་འཐུས་

ཚོགས་གཙོ་སྦྲེལ་པོས་དེ་གལ་ཆེར་བརྩིས་ཏེ་རྒྱུན་ལས་ནང་ལའང་གོ་བསྡུར་ཞུས་པ་ཡིན། ཆེས་མཐོའི་སྨན་

པའི་ལྷན་ཚོགས་ཀྱི་རེ་འདུན་བཏོན་པ་བཞིན་སྲིད་སྐྱོང་མཆོག་དང་ལྷན་གོ་བསྡུར་ཞུས་པ་ཡིན། དེ་བཞིན་

འཕྲོད་བསྟེན་བཀའ་བློན་མཆོག་དང་ལྷན་གོ་བསྡུར་ཞུས་རྗེས་མཐའ་བསྡོམས་སུ་བཀའ་ཤག་གི་ངོས་ནས་

གཟིགས་ཕྱོགས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལྟ་སྟངས་ལ་དམིགས་བསལ་གྱི་ཁྱད་པར་གང་ཡང་

མེད་པ་བྱས་ཏེ། ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ཐོག་མར་འགོ་འཛུགས་རྒྱུ་དེ་གོང་དུ་གསུངས་པ་

བཞིན་སྤྱི་འཐུས་སྐབས་བཅུ་གཉིས་པའི་སྐབས་སུ། དེ་སྔོན་སྨན་རྩིས་ཁང་གི་ནང་གོ་བསྡུར་རིམ་པ་མང་པོ་

གནང་འདུག  ངས་དྲན་ཚོད་ལ་སྐབས་དེ་དུས་སྨན་རྩིས་ཁང་གི་འགན་འཛིན་དེ་ད་ལྟའི་འགན་འཛིན་

ཆགས་ཡོད། ཁོང་འགན་འཛིན་གནང་སྐབས་དེ་འདྲའི་སྒྲིག་གཞི་ཞིག་དགོས་ཀྱི་འདུག་ཅེས་གསུངས་ཡོད།

སྒྲིག་གཞི་དེ་དེང་སང་གཏན་ལ༌ཕབ་པའི་སྒྲིག་གཞི་དང་གཅིག་མཚུངས་ཡིན་མིན་ཞུ་ཐུབ་པ་མི་འདུག་སྟེ།

སྒྲིག་གཞི་ཞིག་དགོས་ཀྱི་ཡོད་པའི་དགོངས་ཚུལ་དེ་སྨན་རྩིས་ཁང་ནང་གི་རྒན་པ་ཚོར་བཀའ་བསྡུར་ཞུ་རྒྱུ་

བྱུང། དེ་བཞིན་འགན་འཛིན་ཟུར་པ་ཚོ་ལའང་ངས་ཞུ་རྒྱུ་བྱུང། སྒྲིག་གཞི་ཞིག་གཏན་འབེབས་བྱེད་དགོས་

ཀྱི་ཡོད་སྐོར་འཕྲོད་བསྟེན་བཀའ་བློན་བརྒྱུད་ནས་སྐབས་བཅུ་གཉིས་པའི་ཚོགས་འདུར་བཀའ་བསྡུར་བྱུང་

ཡོད། སྐབས་དེར་འཕྲལ་དུ་གཏན་འབེབས་བྱེད་ཐུབ་རྒྱུ་མེད་པར་བརྟེན། ཚོགས་ཆུང་ཟུར་དུ་བཙུགས་ཏེ་

ཟིན་བྲིས་བཟོ་རྒྱུས་མཚོན་ལས་དོན་ཐོག་བསྐྱོད་པ་རེད། ཅེས་སོགས་ཀྱི་གསུང་བཤད་གྲུབ་རྗེས་ཆེས་མཐོའི་

སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་པ་ཐོགས་མེད་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འཛུགས་

མཛད་སྒོ་གྲོལ་ཡོད་པ་རེད།
ཐེངས་འདིའི་ཉིན་གཉིས་ཀྱི་ལྷན་ཚོགས་འདིར་གསོ་རིག་སྨན་པའི་ལྷན་ཚོགས་སྲ་བརྟན་རྒྱུན་འཁྱོངས་ཡོང་

ཐབས་དང་། མ་འོངས་ལས་དོན་བྱེད་སྒོར་གདོང་ལེན་གནང་ཕྱོགས་ཀྱི་གྲོས་བསྡུར་གནང་རྒྱུ་ཡིན་འདུག