བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༢༩ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཉིན་གྲངས་བདུན་རིང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་དབུ་འཛུགས་གནང་སོང་།

སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ས་གནས་ཁག་ ༤༥ ནས་ཕེབས་པའི་ཚོགས་བཅར་བ་མི་གྲངས་ ༢༠༠ ཙམ་འདུ་འཛོམས་གནང་འདུག

དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གཏམ་བཤད་གནང་བ་གཞིར་བཟུང་རེད། ང་རང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བ་གཞིས་བྱེས་གཉིས་སུ་གྱེས་ནས་ཧ་ཅང་ཉག་ཕྲ་བའི་ལོ་རྒྱུས་ཀྱི་གནས་བབ་ཅིག་ཆགས་ཡོད་པ། དུས་རྒྱུན་དུ་ང་ཚོའི་སེམས་ནང་དྲན་གསོ་ཞུ་དགོས་པ་གཅིག་རེད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ནས་ད་བར་ལོ་ངོ་ ༦༠ ལྷག་ཙམ་འགྲོ་ཡི་ཡོད་ཅིང་། དུས་ཚོད་དེའི་རིང་གཞིས་བཞུགས་བོད་མི་ཚོ་རེད། བྱེས་ལ་འཁོད་པའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་རྣམ་པ་རེད། དེ་དང་འབྲེལ་བའི་གནས་ཡུལ་རྒྱ་གར་གཞུང་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཚང་མའི་མཐུན་འགྱུར་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་འཆི་གསོན་གཉིས་ཀྱི་ནང་ལོགས་ནས་གསོན་ཐུབ་པ་བྱུང་བ་དེ་ང་ཚོ་ཚང་མ་དགའ་ཚོར་བྱེད་འོས་པ་ཞིག་ཆགས་བསྡད་ཡོད་རེད། དེའི་ནང་ལོགས་ལ་ཆ་ཤས་ཡོད་བསྡད་མཁན་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཆགས་བསྡད་ཀྱི་ཡོད་དུས། དབུས་རྒྱུན་ལས་ཟུར་རྣམ་པ་རེད། ཁྱབ་ཁོངས་ཚོགས་མི་དང་འགན་ཁུར་བཞེས་མཁན་ཡོངས་ནས་ལྷག་བསམ་རྣམ་དག་གིས་སོ་སོའི་སེམས་ལ་སྤོབས་པ་ཁུར་ཐུབ་དགོས་པ་དེ་གནས་སྟངས་ཤིག་རེད། ཡིན་ནའང་ང་ཚོའི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་རང་དབང་སླར་གསོ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་རྩོད་ལེན་མུ་མཐུད་བྱེད་དགོས་པ་རང་བཞིན་གྱི་ཆགས་བསྡད་ཡོད་དུས། ད་དུང་ཡིན་ནའང་ང་ཚོའི་སེམས་ཤུགས་མ་ཉམས་པའི་ཐོག་ནས་བདེན་དོན་འཐབ་རྩོད་བྱེད་དགོས་པ་དེའི་ཐོག་སོ་སོའི་རྣམ་དཔྱོད་ཤུགས་ཆེ་རུ་འདོན་ཐུབ་དགོས་པའི་དུས་ཚོད་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། སེམས་ཤུགས་དང་འཐབ་རྩོད་ཀྱི་འབྱུང་ཁུངས་གཙོ་བོ་གཅིག་དེ། མི་རིགས་དེའི་སྔོན་མའི་ལོ་རྒྱུས་ཀྱི་གནས་བབ་ཇི་ལྟར་ཡོད་པ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ ‘སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།’ ཞེས་གསུངས་པ་ནང་བཞིན་རེད། རྩ་བའི་ལོ་རྒྱུས་ལ་ཉམས་ཆག་ཅི་རིགས་ཡོང་ཆོག་ཀྱང་། ལོ་རྒྱུས་རང་གི་གནས་བབ་ཐོག་ནས་ང་ཚོ་སྤོབས་པ་བྱེད་འོས་པའི་མི་རིགས་ཤིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཙམ་མ་ཟད། བོད་མི་རིགས་ལ་སོ་སོའི་སྐད་ཡིག་དང་། རིག་གཞུང་། ས་ཁམས་ཡོད་པ་སོགས་ཡིད་སྨོན་སྐྱེ་འོས་པ་ཆགས་བསྡད་པ་གསལ་པོ་རེད། ང་ཚོས་དེའི་གནས་བབ་ཇི་ལྟར་བྱུང་བ་དང་། ཉམས་ཆག་ཇི་བྱུང་སྐོར་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།

ལོ་རྒྱུས་ཀྱི་གནས་བབ་ཐོག་ལ་བལྟས་པ་ཡིན་ན། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱེད་འགོ་བཙུགས་པ་དང་། ༡༩༥༩ ནས་བཟུང་བོད་རྒྱལ་ཁབ་དེ་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་ལ་གནས་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་འཆི་དང་གསོན་གྱི་མཚམས་ལ་སླེབས་ཡོད་ཅིང་། དཔེར་ན་བོད་ནང་ལོགས་ལ་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་འཛིན་པ། བོད་ཀྱི་སྐད་ཡིག་ལྟ་བུར་མཚོན་པ་ཡིན་ན། རྒྱ་རིགས་ཧན་མི་རིགས་ཀྱི་སྐད་ཡིག་གཅིག་གྱུར་དགོས་པའི་སྲིད་བྱུས་འཛིན་པ། ཉེ་ཆར་རྒྱ་ནག་ཆབ་སྲིད་ཅུད་ཀྱི་འགོ་ཁྲིད་དེ་ཚོ་བོད་ནང་སླེབས་ཡོང་དུས། གཙོ་བོ་དེ་ཚོའི་ཐོག་ཀུན་སློང་བྱེད་ཀྱི་འདུག མི་རིགས་མཉམ་བསྲེས་དང་། མི་རིགས་ཆེན་པོའི་སྐད་ཡིག་བེད་སྤྱོད་ཤུགས་ཆེར་གཏོང་དགོས་པའི་ཀུན་སློང་བྱེད་ཀྱི་ཡོད་པ་དེའི་ཐོག་ནས། བོད་མི་རིགས་གནས་མི་གནས་ཀྱི་མཚམས་ལ་བསྐྱལ་རྒྱུའི་ས་མཚམས་འདྲ་པོར་སླེབས་བསྡད་ཡོད་རེད། ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་འདྲ་ཞིག་གི་འོག བོད་ནང་སོ་སོའི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་དང་བདག་པོ་བརྒྱབ་རྒྱུའི་གནས་སྟངས་མེད་པ་འདྲ་པོ་ཆགས་ཡོད་རེད། རྒྱ་གཞུང་གིས་དུས་རྒྱུན་དུ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། རིག་གཞུང་དང་མི་རིགས་མཉམ་བསྲེས་བྱ་རྒྱུའི་ལས་འགུལ་ལྔ་ཚན་ལྔ་ཚན་ལ་རིམ་པ་མི་འདྲ་བ་མང་པོ་ཞིག་སྤེལ་བཞིན་ཡོད་རེད། དེ་འདྲའི་ཐོག་ནས་བོད་མི་རིགས་གནས་མི་གནས་ཀྱི་མཚམས་ལ་སླེབས་ཡོད་དུས། ང་ཚོ་ཚང་མ་དུས་རྒྱུན་བོད་མི་རིགས་ཡིན་པ་གང་ཞིག་ལ། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། བདེན་དོན་འཐབ་རྩོད་བྱེད་མཁན་ཡིན་ཞེས་ལབ་ཀྱི་ཡོད་པ་ལྟར། མི་རབས་གསར་པ་ཚོས་དེང་དུས་ཀྱི་ཤེས་ཡོན་བསླབ་པ་རྣམས་བེད་སྤྱོད་བཏང་བའི་ཐོག་ནས་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐུབ་དགོས་པ། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། རྒྱ་ནག་ནང་གི་འགོ་ཁྲིད་མཁན་གྱི་བསམ་བློའི་ལྟ་བ་དང་། ཆབ་སྲིད་ཀྱི་གནས་སྟངས་དེ་ཚོ་འགྱུར་བ་གཏོང་ཐུབ་ཐབས་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་ཆགས་བསྡད་འདུག དཔེར་ན། བོད་ནང་གི་བོད་མི་རྣམས་ཀྱིས་ཕྱི་ལོ་ ༡༩༨༠ ནང་ལོགས་ལ་སོ་སོའི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བྱས་ནས་རྒྱ་དམར་གཞུང་ལ་ཞི་རྒོལ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཆ་ཡོངས་རྫོགས་ནས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་ཞི་རྒོལ་གནང་བ་དང་། ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་བ་དང་། ཞལ་ཆེམས་བཞག་པ་རྣམས་ང་ཚོས་བརྙན་བརྒྱུད་ནས་མཇལ་རྒྱུ་ཡོད་པ་དང་། བཙན་བྱོལ་ནང་ལའང་ང་ཚོས་མིག་གིས་མཐོང་སར་བློས་གཏོང་གནང་མཁན་ཡང་བྱུང་ཡོད་རེད། དེ་ཚོ་ང་ཚོས་དྲན་དགོས་པ་རེད།

ང་ཚོ་བོད་མི་རིགས་ཡིན་ཕྱིན་ཆད་འཐབ་རྩོད་དེ་རིམ་པ་དང་པོར་བཞག་ནས་གཅིག་གྱུར་གྱི་བསམ་བློ་སླེབས་ཐུབ་རྒྱུར་འགལ་རྐྱེན་བྱེད་མཁན་ཡོད་ན་དེར་གསལ་བཤད་བྱེད་ཐུབ་དགོས་པ་དང་། གཅིག་གྱུར་མེད་པའི་འདུ་ཤེས་ཡོད་ན་དེ་གཅིག་གྱུར་ཡོང་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་དེ་ང་ཚོས་རིམ་པ་དང་པོར་འཇོག་ཐུབ་དགོས་པ་གལ་ཆེན་པོ་རེད། ང་རང་ཚོ་ནང་ཁུལ་གནས་སྟངས་འགྲིག་མ་འགྲིག་དེ་རིམ་པ་གཉིས་པ་དང་། གཅིག་བྱས་ན་སྣང་མེད་གཏོང་ནའང་འགྲིག་གི་རེད། དེ་ཞེ་པོ་ཕན་གནོད་ཀྱི་ཁྱད་པར་འགྲོ་ཡི་མ་རེད། ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ་དེ་གལ་ཆེན་པོ་ཡིན་དུས། དེར་ང་ཚོས་བསམ་བློ་གཅིག་གཏོང་ཐུབ་དགོས་པ་དེ། ང་ཚོས་རྒྱ་མི་རིགས་དང་། སྲིད་བྱུས་འཛིན་མཁན་གྱི་གང་ཟག་དེ་ཚོར་འཁོན་འཛིན་འདྲ་བྱས་ནས་རླུང་ལངས་དགོས་པ་ངས་མཐོང་གི་མི་འདུག ཁོ་ཚོས་འཛིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་ཐུབ་དགོས་པ། སྲིད་བྱུས་དེ་ནོར་འཁྲུལ་དང་ནག་ཉེས་ཅན་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་མིའི་ནང་ལོགས། རྒྱ་མི་རིགས་བཅས་ལ་ར་འཕྲོད་གསལ་པོ་བྱེད་ཐུབ་དགོས་པ་དེ་འཐབ་རྩོད་ཐོག་ནས་གལ་ཆེན་པོ་རེད། རྣམ་པ་ཚོས་མཁྱེན་གསལ་ལྟར། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐོག་ནས་རྒྱ་གར་གྱི་རང་བཙན་རྩོད་ལེན་བྱས་ཐུབ་པ་དང་། དེའི་ནང་ལོགས་ལ་རྒྱ་གར་གྱི་འཐབ་རྩོད་པ་དང་། མི་མང་པོ་ཞིག་གིས་བློས་བཏང་བྱས་ཡོད་རེད། དེའི་དམིགས་ཡུལ་ཇི་ལྟར་བྱུང་བ་སོགས་ཀྱི་ཐོག་རྒྱུན་དུ་སློབ་སྦྱོང་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཡོད་རེད། དབུ་མ་བཞི་བརྒྱ་པའི་ནང་གསུངས་ཡོད་རེད། ཐུབ་པ་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། ། ཐུབ་པ་ཟེར་ན་སངས་རྒྱས་ལ་ཟེར་གྱི་ཡོད་པ་དང་། སངས་རྒྱས་ཀྱིས་སོ་སོའི་ཉོན་མོངས་དེ་དགྲར་གཟིགས་ནས་དེ་མར་ཉུང་རུ་བཏང་བ། ཉོན་མོངས་རྒྱུད་ལྡན་གྱི་གང་ཟག་དེ་ལ་ཁོང་ཁྲོ་ལངས་ནས་འཁོན་འཛིན་གནང་གི་ཡོད་མ་རེད། དེ་འཐབ་རྩོད་ཐོག་ལ་ཚུར་སྦྱར་ན། འཚེ་མེད་ཞི་བའི་འཐབ་རྩོད་ངོ་མ་དེ་ཆགས་ཀྱི་རེད། དཔེར་ན། བོད་ནང་བཙན་བཟུང་བྱེད་མཁན་དེ། རྒྱ་ནག་གི་གཙོ་འཛིན་མའོ་ཀྲུ་ཞི་དང་། རིམ་པས་འགོ་ཁྲིད་ཏིང་ཞའོ་ཕིན་དང་། ཅང་ཙི་མིན་སོགས་མང་པོ་བྱུང་བ་རེད། ཁོ་ཚོར་ཁོང་ཁྲོ་བྱས་ནས་ཞེ་པོ་འགྱུར་བ་གཏོང་ཐུབ་ཀྱི་མི་འདུག རིམ་པ་བྱས་ནས་མར་ཡོང་བའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག ཁོ་ཚོ་མེད་པ་བཟོས་རྗེས་སྲིད་བྱུས་དེ་མེད་པ་ཆགས་ཀྱི་ཡོད་ན། མའོ་ཀྲུ་ཞི་དང་། ཏིང་ཞའོ་ཕིན། ཅང་ཙི་མིན་འདས་གྲོངས་སུ་གྱུར་ཚར་བ་རེད། བོད་མི་རིགས་ལ་བདེ་བ་ཐོབ་དགོས་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཀྱི་ཡོད་ཀྱང་། ད་དུང་ཡང་མུ་མཐུད་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་ལེན་བསྟར་བཞིན་ཡོད་རེད། ང་ཚོས་མར་བརྒྱུད་ནས་ཡོང་བའི་སྲིད་བྱུས་ནོར་འཁྲུལ་ཅན་དེ་འཐེར་འདོན་བྱས། སྤྱི་ཚོགས་ནང་ངོ་སྤྲོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་འདུག དེ་ཡིན་གཅིག་མིན་གཅིག་སེམས་ལ་འཆང་དགོས་ཀྱི་འདུག མི་རིགས་ཕན་ཚུན་ཁོང་ཁྲོ་ལངས་མི་དགོས་པར། ཁོ་ཚོའི་བྱེད་ཕྱོགས་ནོར་འཁྲུལ་ཅན་དེ་ར་འཕྲོད་བྱས་པའི་ཐོག་ནས་མ་འོངས་པར་མུ་མཐུད་མི་ཡོང་བའི་འགོག་ཐབས་ཀྱི་ཐབས་ཤེས་ག་རེ་འདུག བོད་མི་རིགས་ལ་བདག་དབང་ཡོད་པའི་ཐོབ་ཐང་དེ་ཚུར་ལེན་ཐབས་བཅས་ཀྱི་ཐོག་དགོངས་པ་བཞེས་ཐུབ་དགོས་རྒྱུ་གནད་འགག་ཅིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག

ད་ལྟའི་དུས་ཚོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཉམ་སྦྲེལ་གྱི་ནུས་པ་དེ་ཤུགས་ཆེ་རུ་འགྲོ་ཡི་ཡོད་ཅིང་། ལྷག་པར་དུ་མཉམ་སྦྲེལ་རྒྱལ་ཚོགས་འགོ་བཙུགས་པ་ནས་བཟུང་སྒྲིག་འཛུགས་མང་པོ་ཞིག་གིས་མཉམ་སྦྲེལ་གྱི་ཐོག་ནས་ཆ་ཤས་ལེན་དགོས་པ། དེའི་ཐག་གཅོད་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པ། དེ་བཞིན་རྒྱལ་ཁབ་སོ་སོ་བའི་སྲིད་བྱུས་འཛིན་སྟངས་ལའང་འགྱུར་བ་གཏོང་ཐུབ་རྒྱུའི་སྲིད་བྱུས་མང་པོ་སླེབས་ཀྱི་ཡོད་རེད། དེ་ཚོའི་ནང་ལོགས་ལ་ང་ཚོས་གོ་རྟོགས་སྤེལ་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དཔེར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་གར་གྱི་གནད་ཡོད་གྲོས་ཚོགས་འཐུས་མི་དེ་ཚོས་བོད་པར་ཧ་ཅང་གི་ཤ་ཚ་བྱས་འདུག་བསམ་གྱི་འདུག ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཕྱི་ལོ་ ༡༩༩༤ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་ཐུབ་པ་དང་། དེ་འདྲའི་ཐོག་ནས་ཕར་ཚུར་གོ་རྟོགས་སྤེལ་བ་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་སླེབས་ཐུབ་ཐབས་ཀྱི་སྲིད་བྱུས་འཛིན་དགོས་པ་དེ་གལ་ཆེན་པོ་རེད་འདུག ཉེ་ཆར་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོ་བོ་འགན་བཞེས་པའི་ཐོག་ང་ཚོ་མཉམ་རུབ་ཐོག་ནས་ཚོགས་ཆེན་དེ་ཉི་འོང་ལ་ཚོགས་པ་རེད། རྩ་བའི་ད་བར་ཚོགས་ཆེན་དེ་འདྲ་བ་ཐེངས་དགུ་ཙམ་ཚོགས་ཡོད་རེད། རྣམ་པ་ཚོས་ཚོགས་ཆེན་རིམ་པའི་གྲོས་ཆོད་ལ་དོ་སྣང་བྱས་ནས་འགྱུར་བ་གང་ཕྱིན་པ་དང་། ཆ་ཤས་ཇི་ལྟར་བླངས་ཡོད་མེད་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་ཀྱི་འདུག གྲོས་ཆོད་ནང་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མ་རེད་ཅེས་གསལ་པོར་བཀོད་ཡོད་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཡིན་ནའང་དེ་གསུང་གི་ཡོད་རེད། དེ་ང་ཚོས་ཤེས་ཐུབ་དགོས་ཀྱི་འདུག དེ་འདྲའི་ཐོག་ནས་འགྱུར་བ་ཅིག་ཕྱིན་ཡོད་རེད། དེ་སྔ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ནང་བོད་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཅིག་པུ་ཙམ་མ་གཏོགས། ཡུ་གུར་དང་། ནང་སོག ཧོང་ཀོང་ལྟ་བུ་རྒྱ་དམར་གཞུང་ལ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ལ་མཉམ་སྦྲེལ་བྱེད་ཀྱི་མི་འདུག གྲོས་ཆོད་ནང་ལོགས་ལ་ཁོ་ཚོའི་མིང་ཡང་མ་ཡོང་བའི་གནས་སྟངས་དེ་འདྲ་ཡོང་གི་འདུག ཡིན་ནའང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་པ་ནས་བཟུང་ད་བར་རྒྱ་དམར་གཞུང་ལ་གདོང་ལེན་བྱེད་མཁན་སྒྲིག་འཛུགས་ཡིན་ནའང་འདྲ། ཚད་དང་ལྡན་པ་སུ་ཡིན་ཡང་ང་ཚོས་མཉམ་སྦྲེལ་བྱེད་དགོས་ཀྱི་འདུག མཉམ་སྦྲེལ་བྱ་རྒྱུར་དཀའ་ངལ་མི་འདུག ཁོ་ཚོ་ཡང་རྒྱ་དམར་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་འདོད་པ་མེད་པར། ང་ཚོ་མཉམ་དུ་འགྲོ་མི་ཐུབ་པ་གང་ཡང་མི་འདུག ཁོང་ཚོ་ལའང་སྒྲིག་འཛུགས་དང་། རྗེས་འཇུག སྤྱི་ཚོགས་ཤིག་ཡོད་དུས། ང་ཚོ་མཉམ་སྦྲེལ་གྱི་ཐོག་ནས་རྒྱ་དམར་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་རྒྱུར་ཐབས་ཤེས་གང་ཡོད་མེད་ཐོག་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་གཅིག་རེད་འདུག ང་ཚོའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བ་གང་ཞིག་ལ་སྤྱི་ཚོགས་གཞན་གྱི་ནང་ལའང་དེ་ལྟར་གོ་རྟོགས་སྤེལ་ནས་བོད་དོན་ཐོག་རྒྱབ་སྐྱོར་སླེབས་ཐུབ་ཐབས་བྱ་རྒྱུ།

དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ཐོག་ནས་མི་མང་དཀྱུས་མའི་ནང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་འདུ་འཛོམས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་གི་ཡོད་རེད། དེ་སྔ་ཕྱི་ལོ་ ༢༠༢༥ ཟླ་ ༢ པའི་ནང་ཡུ་རོབ་སྦེལ་འཇམ་རྒྱལ་ས་སྦར་སིལ་ལ་ཚོགས་པ་རེད། སྐབས་དེ་དུས་རྒྱལ་ཁབ་ ༤༠ ཙམ་ནས་ཚོགས་བཅར་བ་ ༡༧༠ ཡས་མས་ཤིག་སླེབས་འདུག ང་ཚོས་གཞི་རིམ་མང་ཚོགས་ནང་ལ་སྙོབ་ཐུབ་རྒྱུའི་བོད་དོན་གོ་རྟོགས་སྤེལ་རྒྱུ་གང་འདུག ཁྲིམས་བཟོ་མཁན་གྱི་གནད་ཡོད་ནང་བོད་དོན་གོ་རྟོགས་སྤེལ་ཐུབ་རྒྱུའི་ཐབས་ཤེས་གང་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་ནས་གཞོན་ནུའི་སྒྲིག་འཛུགས་ཡིན་ནའང་འདྲ། ཁྱབ་ཁོངས་རྣམ་པ་ཚོ་ཡིན་ནའང་འདྲ། མང་ཚོགས་ཕན་ཚུན་འབྲེལ་བ་བྱས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐུབ་ཐབས། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ། དེ་རིང་རྣམ་པ་ཚོས་དཔེ་དེབ་གཅིག་པར་བསྐྲུན་བྱས་པ་བཞིན་དེ་འདྲའི་དཔེ་དེབ་རིགས་འགྲེམས་སྤེལ་དང་། བརྙན་འཕྲིན་བརྒྱུད་ནས་ངོ་སྤྲོད་བྱེད་ཐུབ་པ། སློབ་གྲྭ་དང་སྤྱི་ཚོགས་ཁག་ལ་བོད་དོན་སྐོར་གཏམ་བཤད་བྱས་ནས་གོ་རྟོགས་སྤེལ་ཐུབ་དགོས་པ། རྣམ་པ་ཚོ་གཞོན་སྐྱེས་ཚོས་འཇོན་གྱི་ཡོད་ཅེས་གསུང་གི་ཡོད་དུས། ང་ཚོ་མི་རབས་རྒན་པ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་དེ་ཙམ་མེད་ཀྱང་། ལྷག་བསམ་དང་རྣམ་དཔྱོད་ཀྱི་ཐོག་ནས་ད་བར་གནས་ཐུབ་ཡོད་རེད། ད་ང་རང་ཚོའི་དུས་ཚོད་ལ་སླེབས་ཡོང་དུས་འཐུས་ཤོར་ཕྱིན་པ་ཡིན་ན། ཧ་ལས་པའི་འཐུས་ཤོར་ཆེན་པོ་རེད། ང་ཚོ་བོད་ནང་གི་བོད་མིའི་སྐུ་ཚབ་ཡིན་ཞེས་བཤད་ཀྱི་ཡོད་རེད། བོད་ནང་གི་རེ་བ་གཏོད་ས་དེ་བཙན་བྱོལ་སྤྱི་ཚོགས་ཡིན་ཞེས་བཤད་ཀྱི་ཡོད་རེད། ང་ཚོའི་ངོས་ནས་དེ་ལ་ལེགས་སྐྱེས་དང་། ཡིད་སྨོན་ཞུ་རྒྱུའི་ལས་ཀ་ཞིག་བྱེད་མ་ཐུབ་ན། ཞབས་འདྲེན་ངོ་མ་དེ་ང་ཚོས་ཞུས་པ་ཆགས་ཀྱི་ཡོད། སོ་སོའི་ལྟོ་གོས་ཐོག་འགྲིག་མ་འགྲིག་ཡོང་ན་དེས་མ་འཇོན་པ་རེད་མ་གཏོགས་ཞབས་འདྲེན་མ་རེད། ཞབས་འདྲེན་ཟེར་ན་ཞབས་མར་འཐེན་གྱི་ཡོད་དུས། ཡག་པོ་ཆགས་པ་དེ་མར་སྡུག་ཏུ་གཏོང་གི་ཡོད་པར་གོ་དགོས། དེ་ལ་ཞབས་འདྲེན་ལབ་ཀྱི་ཡོད་རེད། ད་བར་ང་ཚོའི་གནས་བབ་ཡག་པོ་ཆགས་པ་དེ་གཡས་གཡོན་ལ་འཐེན་ནས་གཏོར་བཤིག་བཏང་བ་ཡིན་ན་ཞབས་ཀྱིས་འདྲེན་ཚར་སོང་བ་རེད། ང་ཚོ་འགན་ཁུར་མཁན་ཚོ་ཡིན་ནའང་ཚོར་བའི་ཐོག་ནས་སོ་སོའི་དགའ་མིན་དགའ་མདོག་དང་། བསམ་བློ་མཐུན་མ་མཐུན་གྱི་ཐོག་ནས་བྱུང་བའི་ཚོར་བ་དེ་ཚོར་གཟབ་གཟབ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ཚོར་བ་དེ་གློ་བུར་དུ་སླེབས་ཀྱི་རེད་ལ། གློ་བུར་དུ་དེར་བསམ་བློ་བཏང་ཐུབ་པ་ཡིན་ན་དེ་རང་བཞིན་གྱིས་མེད་པ་ཆགས་འགྲོ་ཡི་རེད། ཚོར་བ་དེའི་དབང་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཞིག་སླེབས་པ་ཡིན་ན། སྤྱི་ཚོགས་དེ་འཕྲོ་བརླག་གཏོང་གི་ཡོད་རེད། སོ་སོ་ཡང་སྤྱི་ཚོགས་འདིའི་ནང་གནས་མ་ཐུབ་པ་ཡོང་སྲིད་ཀྱི་རེད། དེ་ཚོའི་གྲས་ང་ཚོ་འགན་ཁུར་མཁན་རྣམ་པས་དུས་རྒྱུན་དུ་ནས་གཟབ་གཟབ་གནང་དགོས་པ་གལ་ཆེན་པོ་རེད་འདུག དེ་འདྲའི་ཐོག་ནས་ང་ཚོའི་འཐབ་རྩོད་རྒྱུན་གནས་ཡོང་ཐུབ་དགོས་པ། ཆབས་ཅིག་རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས། གཞོན་སྐྱེས་ཀྱི་སེམས་ཤུགས་ཡིན་ནའང་དེ་འདྲའི་ཐོག་ནས་མར་རྒྱུན་གནས་ཡོང་ཐུབ་རྒྱུར་ལམ་ཐིག་འདྲ་པོ་དེ་ནས་འགྲོ་དགོས་ཀྱི་འདུག གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ང་ཚོའི་འཐབ་རྩོད་དེ་གནས་དགོས་པ་དང་། ང་ཚོའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་ནས་དོ་སྣང་ཡོང་ཐུབ་རྒྱུར་ཐབས་ཤེས་བྱེད་དགོས་ཀྱི་འདུག དེ་ལྟར་བྱེད་མ་ཐུབ་པ་ཡིན་ན་ང་ཚོས་འཐུས་ཤོར་ཆེན་པོ་ཆགས་ཀྱི་ཡོད་རེད། ད་བར་དུ་གཞིས་བཞུགས་བོད་མི་རྣམས་ཀྱི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ལ་བློ་སྙིང་བྲང་གསུམ་གཏད་ནས་བསྡད་ཡོད་པ་དང་ཡིད་ཆེས་བློས་འཁེལ་བྱེད་ཀྱི་ཡོད་རེད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་མཛད་པ་འཕྲིན་ལས་ཀྱི་ཐོག་ནས་ཡིད་ཆེས་ཡོང་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ང་ཚོས་ཉམས་ཆག་བཏང་ནས་གཅིག་བྱས་པ་ཡིན་ན་སུ་གཅིག་གིས་ཡིད་ཆེས་སླར་གསོ་ཐུབ་ཀྱི་མ་རེད། དེ་ཡིན་གཅིག་མིན་གཅིག་ང་ཚོས་གཟབ་གཟབ་གནང་དགོས་ཀྱི་འདུག སྤྱི་ཚོགས་ནང་ལོགས་ལ་ཡིན་ནའང་རྣམ་པ་ཚོས་འགྲེལ་བཤད་རྒྱག་དགོས་ཀྱི་འདུག་ན་རྒྱག་རོགས་གནང་ཞུ་རྒྱུ་ཡིན།

རྩ་བའི་མི་རིགས་གཅིག་གི་འཐབ་རྩོད་ཐོག་ལ་འཐབ་རྩོད་བྱེད་སྟངས་སྣ་ཚོགས་པ་ཡོང་ཆོག་གི་ཡོད་རེད། སོ་སོ་དགའ་མ་དགའ་དང་། སོ་སོའི་བསམ་བློ་དང་མཐུན་མ་མཐུན་གྱི་ཁྱད་པར་ཡོད་མ་རེད། ཤར་ཡུ་རོབ་དང་། གནས་ཡུལ་རྒྱ་གར་སོགས་འཐབ་རྩོད་བྱས་མྱོང་བའི་ལུང་པ་ཚང་མའི་ལོ་རྒྱུས་ལ་བལྟས་ན། འཐབ་རྩོད་ནང་བསམ་ཚུལ་མི་འདྲ་བ་དང་ཤུགས་རྐྱེན་མ་འདྲ་བ་ཡོང་གི་ཡོད་རེད། དམིགས་ཡུལ་དེ་གང་ཡིན་པའི་ཐོག་དགོངས་པ་བཞེས་དགོས་ཀྱི་རེད། འཐབ་རྩོད་ནང་ལོགས་ལ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་སླར་གསོ་ཡོང་ཐབས་གནང་གི་ཡོད་རེད། དེ་ཡང་གལ་ཆེན་པོ་ཞིག་ལ་བརྩིས་ཀྱི་ཡོད་རེད། གང་ལྟར་འཐབ་རྩོད་ནང་ལོགས་ལ་མི་མང་གི་ཁེ་ཕན་དང་། རང་དབང་གཞི་རྩར་བཟུང་ནས་མི་མང་གི་མངོན་འདོད་གཞིར་བཟུང་ཐག་གཅོད་ཡོང་ཆོག་གི་རེད་ལ་ཡོང་དགོས་ཀྱི་རེད། དེར་ཁྱད་པར་གང་ཡང་ཡོད་མ་རེད། དེ་འདྲའི་མི་རིགས་ཀྱི་རིག་གཞུང་དང་། མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པ། མི་མང་ལ་རང་དབང་ཡོང་ཐུབ་པ་ཞིག་ཡོད་ན། དེ་འདེམས་ཆོག་གི་རེད། དེ་འདེམས་པར་མི་དེར་རྣམ་དཔྱོད་དང་། ཤེས་ཡོན། གོ་རྟོགས་དགོས་ཀྱི་ཡོད་པ་ལས། གཅིག་གིས་ཟེར་གྱི་འདུག་ཟེར་ནས་དེའི་རྗེས་སུ་འབྲངས་ན་འགྲིག་གི་ཡོད་མ་རེད། སོ་སོའི་ཐག་གཅོད་དེ་སོ་སོར་ཡིད་ཆེས་དང་གདེང་ཚོད་ཡོད་པ་གང་ཞིག་ལ། མི་གཞན་དང་སྤྱི་ཚོགས་དེ་ལ་ཕན་ཐོགས་ཐུབ་པའི་ཐག་གཅོད་གཅིག་གི་ཐོག་འགྲོ་ཐུབ་པ་ཡིན་ན་དེ་འགྲིག་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་ཡིན་ནའང་འདྲ། སོ་སོའི་བསམ་བློ་གཏོང་སྟངས་ཡིན་ནའང་འདྲ། སྤྱི་ཚོགས་ནང་ལོགས་དང་། རྒྱལ་སྤྱིའི་གནས་ཚུལ་ཡིན་ནའང་འདྲ། དེ་ཚོར་དོ་སྣང་བྱས་ནས་མཐའ་མའི་ཐག་གཅོད་དེ་མི་མང་རང་གིས་ཐོག་གནང་བ་ཡིན་ན་འགྲིག་གི་ཡོད་རེད། མི་མང་ཚོགས་འདུ་འཚོགས་རྒྱུ་དང་། གོ་བསྡུར་བྱ་རྒྱུ། མཐའ་ན་འོས་ཤོག་འཕེན་ནས་ཐག་གཅོད་ཡོང་ཆོག་གི་ཡོད་རེད། དེར་ཁྱད་པར་ཡོད་མ་རེད། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ལོ་རྒྱུས་གང་ཡིན་པ་དེར་རྩོད་ལེན་བྱ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་མ་ཡིན་པར་ལམ་ཁ་གཞན་ཚང་མར་མི་མང་རང་གི་འདོད་པ་གཞིར་བཟུང་འགྲོ་ཐུབ་དགོས་པ་གལ་ཆེན་པོ་རེད། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འདིའི་ཐོག་ནས་འདས་པའི་ལོ་རྒྱུས་ལ་རྡོག་རོལ་གཏོང་གི་མེད་པ་དང་། ལོ་རྒྱུས་དེ་ལོ་རྒྱུས་རང་གི་གནས་བབ་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་རེད། མ་འོངས་པའི་མི་མང་གི་མངོན་འདོད་གང་ཡིན་པ་དེར་བཀག་འགོག་བྱེད་ཀྱི་ཡོད་མ་རེད། དེ་འདྲའི་ཐོག་ནས་སྲིད་བྱུས་གུ་ཡོངས་པོ་རྒྱ་ཆེན་པོ་ཞིག་བཟུང་ནས་བསྡད་ཡོད་རེད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལས་བྱུང་བ་དང་། གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་ཤེས་ལྡན་ཉམས་མྱོང་ཅན་མང་པོ་ཞིག་གི་བསམ་བློའི་ས་བོན་དེ་ཡོད་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་གོ་བསྡུར་བྱས་ནས་ཡོང་བའི་གནས་བབ་ཅིག་ཀྱང་ཆགས་བསྡད་ཡོད་རེད། འདས་པའི་ལོ་རྒྱུས་ལ་འགལ་རྐྱེན་གང་ཡང་བྱུང་གི་ཡོད་མ་རེད་ལ། མ་འོངས་པའི་མདུན་ལམ་ཐོག་ལའང་ཐག་གཅོད་གང་ཡང་ཡོང་ཆོག་པ་ཞིག་རེད། དེ་རྣམ་པ་ཚོས་ཡིན་གཅིག་མིན་གཅིག་དགོངས་པ་བཞེས་དགོས་རེད། དེ་ཡོང་ཐུབ་པ་ཡིན་ན། ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཕན་ཚུན་གཅིག་གིས་གཅིག་ལ་ཤོད་རེས་དགོས་རྒྱུ་གང་ཡང་མི་འདུག མདོར་ན་ང་ཚོས་མ་འཇོན་ནས་ལྷག་པ་ཞིག་རེད་མ་གཏོགས། འཇོན་པ་ཡིན་ན་ཡིན་གཅིག་མིན་གཅིག་གནང་དགོས་རེད། རང་བཙན་རྩོད་ལེན་གནང་མཁན་རྒྱལ་ཁབ་ནང་ལ་ཆ་བཞག་ན། མི་མང་དཀྱུས་མའི་ཐོག་ནས་འཐབ་རྩོད་ཀྱི་སྣེ་ཁྲིད་བྱས་ནས་རང་བཙན་སླར་གསོ་ཐུབ་པའང་བྱུང་འདུག དང་པོ་ནས་ཡིན་གཅིག་མིན་གཅིག་མཚན་གནས་ཆེན་པོ་དང་། དེར་རྗེས་འཇུག་ཡང་མང་པོ་དགོས་ཀྱི་མི་འདུག སོ་སོས་དཀའ་ལས་བརྒྱབ་ནས་ཡོང་གི་འདུག་པ་ལས་དཀའ་ལས་ཁྱོན་ནས་མ་བརྒྱབ་ན་གང་ཡང་ཡོང་རྒྱུ་ཡོད་མ་རེད། དང་པོ་སོ་སོར་སློབ་སྦྱོང་གི་གནས་ཚད་ཡག་པོ་དགོས་ཀྱི་ཡོད་པ་དང་། དེ་ནས་མི་མང་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་བྱེད་ཐུབ་རྒྱུའི་སྙིང་སྟོབས་དགོས་ཀྱི་ཡོད་པ། དེ་དང་མཐུན་པའི་ཐོག་དུས་ཚོད་བཏང་སྟེ་འགོ་ཁྲིད་ཀྱི་ནུས་པའི་ཐོག་ནས་མི་མང་ལ་གོ་རྟོགས་སྤེལ་ནས་མི་མང་གི་རྒྱབ་སྐྱོར་ཐོབ་ཐུབ་པའི་ཆོད་སེམས་དེ་དགོས་ཀྱི་འདུག དེ་འདྲ་ཡོང་བ་ཡིན་ན་ཉི་མ་གཅིག་བོད་ལ་རང་དབང་ཐོབ་པ་དང་། བོད་ཀྱི་བདེན་མཐའ་གསལ་རྒྱུ་ངེས་པ་རེད། ཕྱོགས་གཅིག་ནས་ང་ཚོ་རང་དབང་གི་འཐབ་རྩོད་དེ་ལས་སླ་པོ་ཞིག་མ་རེད། ང་ཚོས་འཐབ་རྩོད་བྱ་སའི་ཡུལ་དེ་དེང་སང་འཛམ་གླིང་ནང་གི་སྟོབས་ཆེན་གྱི་ནུས་པ་ཡོད་མཁན་ཞིག་དང་། འཛམ་གླིང་རྒྱལ་ཁབ་ཡོད་མཁན་རྣམས་ཀྱིས་ཀྱང་བསྟུན་དགོས་པའི་རྒྱལ་ཁབ་ཅིག་ཀྱང་ཆགས་བསྡད་ཡོད་རེད། ཡིན་ནའང་ཁོ་རང་ཚོ་ནང་ཁུལ་བསམ་ཚུལ་མི་མཐུན་པ་དང་། མི་མང་གིས་འདོད་པ་ནང་བཞིན་མི་ཡོང་བ། ཆབ་སྲིད་མི་སྣ་ཚོར་ཚེ་བཙོན་སྲོག་ཐོག་བཏང་བ་དེ་འདྲ་ཡོང་གི་ཡོད་དུས། གནས་ཚུལ་ལ་འགྱུར་ལྡོག་ཡོང་སྲིད་པ་རེད། གཅིག་བྱས་ན། བོད་ཀྱི་བདེན་དོན་གསལ་རྒྱུར་དུས་ཚོད་འགོར་སྲིད་ཀྱི་རེད་ལ། གཅིག་བྱས་ན་འགོར་མ་སྲིད་པའང་རེད། ཡིན་ནའང་ང་ཚོའི་སེམས་ཤུགས་དང་། ལྷག་བསམ། སྙིང་སྟོབས། བོད་ཕྱི་ནང་གཉིས་ཀའི་ཆེ་མཐོང་མ་བརླག་པའི་ཐོག་བདེན་དོན་འཐབ་རྩོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། གོང་དུ་ཞུས་པ་རྣམས་ལ་རྣམ་པ་ཚོ་ཚང་མས་དགོངས་པ་བཞེས་རོགས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་བཅས་ནས་བཀའ་སློབ་གསུང་བཤད་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད། ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད། དེ་བཞིན་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམས་ནས་གཟེངས་རྟགས་དང་། ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་ཡིག་ཉམས་ཞིབ་པས་རྩོམ་སྒྲིག་གནང་བ་དང་། གཞོན་ལྷན་དྲུང་ཆེ་དང་། ཨིན་ཇིའི་ཉམས་ཞིབ་པ་ཟུར་པ་དཀོན་མཆོག་ནོར་བུ་ལགས་རྣམ་གཉིས་ནས་ཨིན་བསྒྱུར་ཞུས་པ་ ‘དཔལ་ལྡན་དགའ་ལྡན་ཕོ་བྲང་དུས་སྐབས་རང་བཙན་ཁུངས་བསྐྱལ་ལོ་རྒྱུས།’ ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་སོགས་གནང་བ་བཅས།