བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༠ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཚོགས་གནང་སོང་།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག

དེ་བཞིན་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་རྒྱུན་ལས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྒྱུན་ལས་གེ་བ་ཚང་ངག་དབང་ཐར་པ་མཆོག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག ཚོགས་མི་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག  ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག   སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག   སྤྱི་འཐུས་ཟླ་བ་ཚེ་རིང་མཆོག གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ལས་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ། སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་བཅས་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས། གཞོན་ལྷན་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས།  སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་པ་བཅས་ནས་གཞོན་ལྷན་ལྔ་བཅུ་དུས་དྲན་གྱི་མངར་ཟས་བཏུབ་གནང་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་སྐྱབས་གནས་དགེ་འདུན་རྣམ་པ་དང་། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་རྒྱུན་ལས་ལས་ཟུར་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་བཅས་ཚང་མར་ཐོག་མར་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་ང་ཚོའི་ཕ་ཡུལ་བོད་རྒྱལ་ཁབ་བཙན་བཟུང་ཆ་ཚང་བྱས་པའི་ཉེར་ལེན་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་བརྒྱད་ཅུ་ཙམ་ཞིག་རྒྱ་གར་ནང་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོར་སྔར་བྱུང་མ་མྱོང་བའི་དཀའ་སྡུག་སྣ་ཚོགས་ཤིག་ཕྲད་ཡོད། བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་གྱི་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་དེ་རང་གི་ལག་ཏུ་ལེན་རྒྱུ་དང་། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། ཆོལ་ཁ་དང་ཆོས་ལུགས། ཕོ་མོ་དང་རིགས་རུས། གྲལ་རིམ་སོགས་ཀྱི་དབྱེ་བ་མེད་པར་བོད་མིའི་ཆིག་སྒྲིལ་གོང་མཐོར་སྤེལ་ཐབས། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ལ་སྤྱིར་བོད་རིགས་ཡོངས་དང་། ལྷག་པར་གཞོན་སྐྱེས་ཚོས་ནུས་པ་ཕྱོགས་གཅིག་ཏུ་སྤུངས་སའི་སྡིངས་ཆ་གལ་ཆེན་ཞིག་ལ་དམིགས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་གསར་འཛུགས་གནང་བ་ནས་བཟུང་། གཞོན་ནུ་ལྷན་ཚོགས་དེ་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་པོ་མང་པོ་ཡོད་པའི་ནང་ནས་ཆེ་གྲས་ཤིག་ཆགས་ཡོད། ད་ལན་གཞོན་ལྷན་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོར་འཁོར་བར་དགའ་བསུའི་འཚམས་འདྲི་ཞུ་བཞིན་ཡོད།

གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་བཟུང་རྒྱུན་ཆད་མེད་པར་སྙུགས་བསྲིངས་ཀྱིས་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་བཅས་ཀྱི་ནང་ས་གནས་གཞོན་ནུ་ལྷན་ཚོགས་གྲངས་ ༨༧ ཙམ་བཙུགས་ཐུབ་པ་དང་། དབུས་དང་ས་གནས་གཞོན་ནུ་ཚང་མས་མཉམ་རུབ་ཀྱིས་བོད་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་ཆེད་ཕྱི་ནང་སྡིངས་ཆ་ཆེ་ཆུང་གང་སར་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་ཕྱི་ལོ་ ༡༩༥༩ ལོའི་གོང་ནས་བོད་དེ་རང་བཙན་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པའི་བདེན་པའི་མེ་ལྕེ་དུས་ད་ལྟ་བར་དུ་གསོན་པོར་གནས་ཐུབ་པ་བྱུང་ཡོད། དེ་ག་ནང་བཞིན་བཙན་བྱོལ་སྤྱི་ཚོགས་གང་སར་སྤྱི་ཚོགས་བདེ་དོན་སླད་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ཡང་དུས་ནས་དུས་སུ་གང་མང་སྤེལ་ཏེ་རྒན་བྱིས་བར་གསུམ་བཅས་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་ནི་ཚང་མའི་མཐོང་ཆོས་སུ་གྱུར་ཡོད། གཞོན་ལྷན་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་། སྤྱི་ཚོགས་བདེ་དོན། རྩ་ཆེའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས་བཟང་པོ་དག་མི་ཉམས་རྒྱུན་འཛིན། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ཐོག་ལ་ལས་འགུལ་ཆེ་ཆུང་སྣ་མང་སྤེལ་མུས་དེ་དག་ཆ་ཚང་ལ་བསྔགས་བརྗོད་ཞུ་བཞིན་ཡོད། རང་ཉིད་ལྟ་བུར་ཆ་མཚོན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ཞུགས་མྱོང་མཁན་ཞིག་མིན་ཡང་། གཞོན་ལྷན་གྱི་སྒྲིག་འཛུགས་དེ་ཉིད་གལ་ཆེན་པོ་ཞིག་ཡིན་པར་རྟག་ཏུ་ངོས་འཛིན་ཞུས་སྡོད་མཁན་ཞིག་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐེངས་དང་པོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་སྟོབས་དང་། ལྷག་བསམ། སེམས་ཤུགས་ཞུམ་པ་མེད་པར་རི་བཙུགས་པ་ནང་བཞིན་དགོས་གལ་ཞེས་དང་། ཡང་༸གོང་ས་མཆོག་ནས་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་རང་བཙན་ཡིན་པ་ལྟར་ཁ་ཕར་རྒྱ་དམར་ལ་བལྟས་ཏེ་རང་བཙན་རྩོད་དགོས་པ་ལས་ཁ་ཚུར་ནང་ལ་བལྟས་ནས་རྩོད་པ་བརྒྱབ་ཚེ་ནང་ཁུལ་རྙོག་ཁྲ་ལྷག་རྒྱུའི་ཉེན་ཁ་ཆེ་སྐོར་བཀའ་སློབ་ཕེབས་ཡོད་པ་ཚང་མས་མཁྱེན་གྱི་ཡོད་ཤག་ཡིན། རྩ་དོན་ཆེད་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་གནད་འགག་ཡོད་མེད་དང་། ཕུགས་ཀྱི་འབྲས་བུར་སྐྱོན་གནད་ལྷག་གི་འདུག་དང་མི་འདུག་འབབ་ལྷིང་བརྟན་གསུམ་གྱིས་ཐུགས་བསམ་ངེས་པར་བཞེས་དགོས། དཔེར་ན་བཙན་བྱོལ་སྤྱི་ཚོགས་ནང་ལས་འགུལ་ཅི་འདྲ་ཞིག་སྤེལ་རུང་དེས་བོད་ཀྱི་རྩ་དོན་དང་ལྷག་པར་དུ་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱི་གནས་སྟངས་བཅས་ལ་དོ་ཕོག་འགྲོ་གཞིའི་རིགས་མིན་པ་དགོས་གལ། དུས་ཚོད་འགྱུར་བ་འགྲོ་ཡི་ཡོད་པ་ནང་བཞིན་མིའི་བསམ་བློ་དང་སྤྱི་ཚོགས་ཀྱི་གནས་སྟངས་བཅས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་སྟབས། ཐོག་མའི་དམིགས་ཡུལ་གཞི་རྩར་བཟུང་བའི་ཐོག་ནས་ཐབས་ལམ་ལ་འགྱུར་བ་གཏོང་རྒྱུའི་དགོས་པ་རྒྱུ་མཚན་གཟིགས་ཀྱི་ཡོད་ཚེ་དེ་ལ་དཔག་པས་བསམ་ཞིབ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། དཔེར་ན་རྒྱ་དམར་དཔོན་རིགས་ཕྱི་རྒྱལ་ཁབ་ཁག་ཏུ་སླེབས་སྐབས་འཚེ་མེད་ཞི་བའི་ཐོག་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྟངས་གསར་པ་གང་དང་གང་འདུག འབོད་ཚིག་ཀྱང་སྐབས་ཐོག་སོ་སོའི་གནས་སྟངས་དང་བསྟུན་ནས་བཟོ་དགོས་པ་བཅས་ཡིན། ང་ཚོ་བཙན་བྱོལ་རང་དབང་ལུང་པར་གནས་པའི་བོད་མི་ཚང་མ་བོད་ནང་གི་བོད་མི་ཚོའི་གདུང་འབོད་སྒྲོག་པའི་འབོད་སྒྲ་དེ་ཆགས་ཡོད་སྟབས། གཞོན་སྐྱེས་རྣམས་ནས་སོ་སོའི་ཤེས་བྱ་ཡོན་ཏན་ལག་ཆར་བཟུང་བའི་ཐོག་ལྷག་བསམ་དང་སེམས་ཤུགས་ཀྱིས་གྲོགས་བྱས་ཏེ་ཚོགས་པའི་དམིགས་ཡུལ་ལྟར་གོམ་པ་མདུན་བསྐྱོད་བྱ་དགོས། གཞོན་ནུ་དབུས་རྒྱུན་གྱི་འགོ་འཁྲིད་འོག་ས་གནས་སོ་སོའི་གཞོན་ནུ་ཚོགས་པས་བོད་ཀྱི་རྩ་དོན་དང། སྤྱི་ཚོགས་ཞབས་ཞུ། ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ལས་འགུལ་ཆེ་ཆུང་སྣ་མང་སྤེལ་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། ཚོགས་པ་དེ་དག་ཚགས་ཚུད་ངང་གནས་ཏེ་གཞོན་ནུའི་ནུས་པ་མཉམ་སྤུངས་བྱ་རྒྱུའི་གཞོན་སྐྱེས་རྣམས་ལ་སྡིངས་ཆ་སྐྲུན་ཐུབ་པ་ནི་གཟི་བརྗིད་རེད། ༸གོང་ས་མཆོག་ནས་དུས་རྟག་ཏུ་རེ་བ་བཟང་ས་ནས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་མུས་ལྟར་ཚང་མས་མུ་མཐུད་དེ་འབད་པ་ཆེ་བསྐྱེད་ཡོང་བའི་སྐུལ་མ་ཞུ་རྒྱུ་ཡིན། ད་ལྟའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ནས་གཞི་རྒྱ་ཆེ་ཤོས་དེ་ཡིན་ཅིང་། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་ཀྱི་འགན་འཁུར་བ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་ལགས་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དམ་པ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་བཅས་ཚང་མར་དེ་རིང་གི་གོ་སྐབས་འདི་བཟུང་བའི་ཐོག་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ཇི་སྲིད་བོད་རང་དབང་སླར་གསོ་མ་བྱུང་བར་དེ་སྲིད་དུ་རྒྱུན་སྐྱོང་གནང་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བར་མཐོང་།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་མཐའ་དག་དར་རྒྱས་ཚགས་ཚུད་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཞོན་ལྷན་ ༥༠ དུས་དྲན་གྱི་ལས་རྟགས་བྱུས་འགོད་གནང་མཁན་དང་། གཞོན་ལྷན་ ༥༠ དུས་དྲན་གྱི་གཞས་ཚིག་རྩོམ་པ་པོ་སོ་སོར་བྱ་དགའ་དང་། དེ་བཞིན་དུས་དྲན་གྱི་གཞས་དབུ་འབྱེད་གནང་སོང་།

དེ་བཞིན་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་དང་། སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་གིས་གསུང་བཤད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་བཤད། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་གསུང་བཤད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་བཤད་བཅས་རིམ་པས་གནང་སོང་།

གཞན་ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་གིས་གཞོན་ནུའི་ ༥༠ དུས་དྲན་གྱི་ལས་རྟགས་ (Logo) དང་། གཞོན་ལྷན་པར་རིགས་ལོ་རྒྱུས་ཕྱོགས་བསྒྲིགས་ (Photo Journal) གཉིས་དབུ་འབྱེད་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་བཞི་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གནང་བ་དང་།  དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་བཅས་གནང་སོང་།

མཐར་བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་གཟིགས་འབུལ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་བ་བཅས།

 

 

Menu